སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྤྲུལ་སྐུ་འཚོལ་བཤེར་མ་ལག་གིས་“མཚན་གནས་4དང་གོ་གནས་26ཡོད་པའི”སྤྲུལ་སྐུ་རྫུན་མ་གསལ་རྗེན་བྱས།
སྤེལ་དུས། 2017-05-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་དྲ་བ།
          ཀྲུང་གོ་བོད་ལྗོངས་དྲ་བའི་གསར་འགྱུར།  2016ལོའི་ཟླ་1ཚེས་18ཉིན།  པེ་ཅིང་ཀོང་ཅི་དགོན་པའི་གཙུག་ལག་ཁང་ཆེན་དུ་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་འཚོགས་ཏེ།  དུས་ཡུན་རིང་པོར་གྲ་སྒྲིག་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་དངོས་སུ་སྤྱོད་འགོ་ཚུགས། ཀུན་ཀྱིས་ལྷའི་ཐོ་ཡིག་དང་འདྲེ་མཐོང་མེ་ལོང་དུ་རྩེད་འབོད་བྱེད་པའི་ཐོག་མའི་ཆོས་ལུགས་མི་སྣའི་གནས་བསྡུས་འཚོལ་བཤེར་མ་ལག་འདིས་ཀྲུང་གོའི་མངའ་ཁོངས་སུ་སྤྲུལ་སྐུའི་ཐོབ་ཐང་ལག་ཁྱེར་མེད་པའི་སྤྲུལ་སྐུ་རྫུན་མ་ཆེ་ཆུང་ཀུན་གྱིས་དངངས་འདར་བྱེད།
          སྤྲུལ་སྐུ་ནི་བོད་བརྒྱུད་ནང་བསྟན་གྱིས་གྲུབ་མཐའ་དང་དགོན་པའི་ཆོས་བརྒྱུད་སྤེལ་བར་དམིགས་ནས།  བོད་ཀྱི་གནའ་བོའི་བླ་སྲོག་འདུ་ཤེས་དང་སངས་རྒྱས་ཆོས་ལུགས་ལ་དམིགས་བསལ་དུ་ཡོད་པའི་རྣམ་ཤེས་འཕོ་འཇུག་གི་གཞུང་ལུགས་ལ་གཞི་འཛིན་བྱས་ཏེ་གསར་གཏོད་གནང་བའི་རྒྱུན་འཛིན་ལམ་ལུགས་ཞིག་ཡིན།  “活佛”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དེ་གཉིས་ཀྱི་སྒྲ་དོན་དང་།  ད་དུང་དབྱིན་ཡིག་ཏུ་བསྒྱུར་པའི་“LivingBuddha”ཚིག་གིས་གནའ་བོའི་བོད་ཀྱི་ཆོས་ལུགས་གོ་དོན་ལ་ལྐོག་གྱུར་དང་ངོ་མཚར་གསང་བའི་སྣང་བ་ཞིག་ཐད་ཀར་མི་རྣམས་བསམ་བློར་སྣང་བ་དང་དད་གུས་ངང་གིས་སྐྱེས་ཡོང་།  ཏག་ཏག་རྣམ་པ་དེ་སྤྲུལ་སྐུ་རྫུན་མ་དང་བདག་མེད་ཀྱི་རིན་པོ་ཆེ་དག་འབྱུང་བའི་ཞིང་སར་གྱུར། 
འདྲེ་མཐོང་མེ་ལོང་ནང་གི་ཁྲི་རིན་པོ་ཆེ།
          2015ལོའི་ལོ་མཇུག་ཏུ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་སྒོ་མ་ཕྱེ་གོང་།  ཀྲང་ཐའེ་ལིན་ཁྲིར་བཀོད་པ་དང་ཆོས་རྒྱལ་པད་མ་འོད་ཟེར་གྱི་རྫུན་གཏོལ་བའི་སྤྲུལ་སྐུ་རྫུན་མའི་དོན་རྐྱེན་དེ་དྲ་ཐོག་ཏུ་ཚ་ཚ་འུར་འུར་བྱེད། བདེན་རྫུན་གྱི་རྩོད་གླེང་ཁྲོད་དད་ལྡན་མང་ཚོགས་མང་པོ་ཞིག་གིས་རང་ཉིད་ཀྱི་སློབ་དཔོན་གྱི་བདེན་རྫུན་ལ་བསམ་བློ་གཏོང་འགོ་བརྩམས།  དོགས་པ་དེའི་ཕྱིར་སྤྲུལ་སྐུ་འཚོལ་བཤེར་མ་ལག་སྟེང་འདྲི་རྩད་བྱེད་མཁན་མང་དུ་གྱུར་པས།  རེ་ཞིག་དྲ་བའི་ནུས་པ་ཉམས་པར་བཏང་།
          དེ་ལས་མིང་ལ་ཁོ་ཚེ་ཚུལ་ཁྲིམས་མཉྫུ་ཤྲཱི་པཱུ་ཛ་ཁྲི་རིན་པོ་ཆེར་འབོད་པའི་སྤྲུལ་སྐུའི་དད་ལྡན་པ་རྣམས་ཐེ་ཚོམ་གྱི་རྒྱ་རུ་ཚུད།
          ཁོ་ཚེ་ཚུལ་ཁྲིམས་མཉྫུ་ཤྲཱི་པཱུ་ཛ་ཁྲི་རིན་པོ་ཆེ་ནི་1969ལོའི་ཟླ་2པར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོ་ཚེ་ཤང་དུ་སྐྱེས།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲི་ཆེན་མོ་བཞིའི་གྲས་ཀྱི་བསམ་ཚ་སྤྲུལ་སྐུའི་འོས་མིའི་གྲས་ཤིག་ཡིན་པར་རང་ཉིད་ཀྱིས་བརྗོད།  1984ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེན་པོ་སྦྱིན་པ་རྒྱ་མཚོའི་མདུན་དུ་སྡོམ་པ་བླངས།  གུང་ཐང་འཇམ་དབྱངས་བཞད་པའི་དགེ་ཕྲུག་གི་མཐའ་མ་ཡིན།  དྲ་ཐོག་ཏུ་ཀུན་གྱིས་ཀློག་ཚ་བའི་དཔྱད་ཡིག་ཅིག་ཏུ་ཁོ་ཚེ་ཚུལ་ཁྲིམས་ལགས་ཆུང་དུས་ནས་སློབ་ལ་བརྩོན་པ་ཆེ་ཞིང་དང་ཐུགས་རིག་ཡག་པོ་ཡོད།  བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་མཚན་གནས་ཐོབ་ཡོད།  ད་དུང་པེ་ཅིང་སློབ་ཆེན་གྱི་མཚན་ཉིད་རིག་པའི་སྡེ་ཁག་གི་རབ་འབྱམས་པ་དང་།  རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེན་མོ་གསུམ་གྱི་འབུམ་རམས་པ་དང་ཡོན་རམས་པའི་མཚན་གནས་ཐོབ་ཡོད།  རང་ཉིད་གཅིག་པུས་ཡིག་འབྲུ་ཁྲི་1850ཡོད་པའི་གངས་ལྗོངས་རིག་བཅུའི་གཞུང་ཆེན་མོ་བརྩམས་པར་གྲགས། 
          འོན་ཀྱང་།   ངོ་མཚར་ཆེ་བའི་གཏམ་རྒྱུད་འདི་དག་ལ་བདེན་སྣང་ག་ཚོད་ཡོད་དམ།
          ཁོང་གིས་རང་ཉིད་ལ་“ཁྲི་རིན་པོ་ཆེ་”དང་“སྤྲུལ་སྐུ་”ཞེས་འབོད།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཁྲོད་མི་དེའི་ཆ་འཕྲིན་ཅི་ཡང་རྙེད་མ་བྱུང་།
          རྒྱུན་པར་མ་ལག་འདིའི་ནང་དུ་སྤྲུལ་སྐུའི་མིང་དང་ཆོས་མིང་།  ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས།  བླ་སྤྲུལ་ལག་ཁྱེར་གྱི་ཨང་གྲངས།  རང་ཉིད་སྡོད་སའི་དགོན་པའི་མིང་སོགས་ཆ་འཕྲིན་གང་རུང་བཏགས་ཚེ།  ཞིབ་ཕྲའི་གནས་ཚུལ་འཆར་ཐུབ།  འོན་ཀྱང་ཁོ་ཚེ་ཚུལ་ཁྲིམས་ཡང་ན་མཉྫུ་ཤྲཱི་པཱུ་ཛ།  རུས་མིང་།  ཆོས་མིང་།  བླ་སྤྲུལ་ལག་ཁྱེར་གྱི་ཨང་གྲངས།  དགོན་པ་བཅས་ཡི་གེ་གང་བཏགས་ཀྱང་བཙལ་འཚོལ་ཅི་ཡང་བྱུང་མ་སོང་།  དགོན་པ་20ལྷག་གི་དགོན་བདག་བྱས་མྱོང་བར་བརྗོད་པ་ཚིག་རྟེན་ཅི་ཡང་མ་རྙེད།  གལ་ཏེ་ཁོས་བརྗོད་པ་ནང་བཞིན་བསམ་ཚ་སྤྲུལ་སྐུས་མིང་ཐོག་ནས་བཙལ་ཚེ།  1982ལོར་སྐྱེས་པའི་ན་གཞོན་བླ་སྤྲུལ་ཞིག་གསལ་ཐག་ཆོད་པར་གསལ་བ་ལས།  ལོ་ལྔ་བཅུར་སོན་པའི་ཁྲི་རིན་པོ་ཁོང་གི་མིང་དང་ཡོངས་སུ་མཚུངས་པ་མེད།
          བདེན་ཚུགས་པའི་སྒོ་ནས་བརྗོད་ན་ཁོ་ཚེ་ཚུལ་ཁྲིམས་མཉྫུ་ཤྲཱི་པཱུ་ཛ་ཁྲི་རིན་པོ་ཆེ་ནི་སྤྲུལ་སྐུ་རྫུན་མ་ཞིག་ཡིན་པ་རེད།  
མེད་པ་བཞིའི་སྤྲུལ་སྐུ་དང་ཞི་པེ་དགེ་བཤེས།
          རྒྱལ་ནང་གི་སྤྲུལ་སྐུའི་བདེན་རྫུན་དབྱེ་བར་བོད་བརྒྱུད་ནང་བསྟན་བླ་སྤྲུལ་འཚོལ་བཤེར་མ་ལག་ནི་ཆེས་མགྱོགས་ཤོས་དང་ཡིད་རྟོན་ཧ་ཅང་ཆེ།  སྤྲུལ་སྐུ་ཞིག་ཡིན་ན་ངེས་པར་དུ་སངས་རྒྱས་ཆོས་ལུགས་པ་ངོ་མར་ཚང་དགོས་པའི་ཆ་རྐྱེན་བཞི་ཡོད་དགོས། དང་པོ་སྤྲུལ་སྐུའི་རྒྱུན་ཡོད་པ།  དགོན་སྡེ་ཡོད་པ།  ཡང་སྲིད་ལམ་ལུགས་ཡོད་པ།  སྲིད་གཞུང་གིས་ཆོག་མཆན་ཐོབ་ཡོད་པ་བཅས་ལས་གཅིག་ཀྱང་མེད་མི་རུང་།
          ཁོ་ཚེ་ཚུལ་ཁྲིམས་ཀྱི་གནས་ཚུལ་སྐོར་ལ་2015ལོར་སྦྲག་སྐུར་ཡི་གེ་ཞིག་དྲ་རྒྱའི་སྟེང་ཁྱབ་ཡོད་དེ།
          གུས་པར་འོས་པའི་དྲ་དམངས་ལགས།  ཁམས་བཟང་།  ཁྱེད་ཚོའི་འཕྲིན་ཡིག་འབྱོར་སོང་།  ཁྱེད་རང་ཚོས་ཀན་སུའུ་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།  ད་ལྟ་ཁྱེད་རང་ཚོས་རྩད་གཅོད་བཞིན་པའི་བླ་བྲང་དགོན་པའི་གྲྭ་བ་ཞིག་གི་གནས་ཚུལ་ལ་དྲིས་ལན་གཤམ་གསལ་ལྟར།  ཁོ་ཚེ་ཚུལ་ཁྲིམས།  ཕོ།  བོད་རིགས།  1969ལོར་སྐྱེས།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོ་ཚེ་ཤང་བཙན་པོའི་གཉན་གྲོང་ཚོའི་མི་ཡིན།  1984ལོར་ཁོ་ཚེ་ཤང་དུ་ཡོད་པའི་ཁོ་ཚེ་དགོན་པར་སྡོམ་པ་བླངས།  1988ལོ་ཟླ་6པ་ནས་1991ལོའི་ཟླ་6པའི་བར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱས།  1991ལོ་ནས་2004ལོ་བར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་དགེ་རྒན་བྱས།  2004ལོའི་ཟླ་7པར།  བསྟུད་མུར་ལོ་གསུམ་ལ་ལས་གནས་དཔྱད་འཇོག་ལས་ཐེག་མི་འཕེར་བས།            ནང་བསྟན་སློབ་གླིང་གི་ལས་གནས་ལས་ཕྱིར་ཕུད།  
          རྩད་གཅོད་བྱས་པ་ལྟར་ན།  1988ལོར་ཁོ་ཚེ་ཚུལ་ཁྲིམས་ཁོ་ཚེ་དགོན་པ་དང་ཁ་བྲལ་རྗེས་ནས་ཕྱིར་དགོན་པར་མ་ལོག  ཁོ་ཚེ་དགོན་པས་དགེ་འདུན་པའི་གྲས་ལས་ཕྱིར་ཕུད།  མི་དེས་བླ་བྲང་དགོན་པར་ཞུགས་ནས་ཆོས་གཞུང་གསུང་རབ་ལ་སློབ་སྦྱོང་བྱས་མྱོང་མེད། རང་ཉིད་ཀྱིས་དགེ་བཤེས་ཀྱི་མཚན་གནས་ཐོབ་པར་བསྒྲགས་པ་ལ་བདེན་ཁུངས་ཅི་ཡང་མེད།  བླ་བྲང་དགོན་པའི་དོ་དམ་ཨུ་ལྷན་གྱིས་བརྗོད་རྒྱུར་ཁོ་ཚེ་ཚུལ་ཁྲིམས་དང་བླ་བྲང་དགོན་པ་བར་འབྲེལ་བ་གང་ཡང་མེད།  བླ་བྲང་གི་གསེར་ཁྲི་བཞིའི་གྲས་ཀྱི་བསམ་ཚ་སྤྲུལ་སྐུའི་འོས་མི་ཞིག་ཡིན་པ་ནི་རང་ཉིད་ཀྱིས་རྫུན་བཟོ་བྱས་པའི་རྫུན་གཏམ་རེད།  འཇམ་དབྱངས་བཞད་པ་ཡང་ན་བླ་སྤྲུལ་གཞན་གང་གིས་ཀྱང་ཁོ་ཚེ་ཚུལ་ཁྲིམས་བསམ་ཚ་སྤྲུལ་སྐུའམ་སྤྲུལ་སྐུ་གཞན་གང་ལའང་ངོས་འཛིན་བྱས་མྱོང་མེད།  གུས་པར་འོས་པའི་དྲ་དམངས་ལགས།  གོང་དྲིས་ལན་གྱིས་ཁྱེད་རང་གི་དོགས་པ་སེལ་ཐུབ་པར་ཤོག  རེ་བ་ལ་ཁྱེད་རང་གིས་སྔར་མུས་བཞིན་ང་ཚོའི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར།  ལྟ་སྐུལ་གནང་རྒྱུ་དང་།  བསམ་འཆར་གལ་ཆེན་མང་ཙམ་འདོན་པ་དང་།  ང་ཚོས་མཉམ་གཅིག་ཏུ་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་དང་ཁྲིམས་ལུགས་ཅན་བསྒྱུར་པ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་འབད་ཐབས་བྱ།
ཀན་སུའུ་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའུ།
          སྦྲག་སྐུར་ཡི་གེ་འདིའི་ནང་དོན་ལྟར་ན།  ཁོ་ཚེ་ཚུལ་ཁྲིམས་དུ་འབོད་པའི་དགེ་འདུན་པ་དེ་དང་བླ་བྲང་དགོན་པའི་བར་འབྲེལ་བ་གང་ཡང་མེད་པས།  སྤྲུལ་རྒྱུན་རྩ་བ་ནས་ཡོད་མི་སྲིད།  སྔར་ནས་ཁོ་ཚེ་དགོན་དང་ཁྲ་བྲལ་བས་དགོན་པའང་མེད།  བསམ་ཚ་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱེད་མྱོང་མེད་པ་དང་གསེར་ཁྲིར་མངའ་གསོལ་མེད་པ་སྨོས་མ་དགོས་པ་ཞིག་རེད།  ཀན་སུའུ་ཞིང་ཆེན་ཆོས་ལུགས་ལས་དོན་སྡེ་ཁག་གིས་དྲང་བདེན་སྒོས་དྲིས་ལན་བཏབ་པས་སྲིད་གཞུང་གི་བསམ་ཚུལ་གསལ་བཤད་བྱས་ཡོད།
          སྦྲག་སྐུར་ཡི་གེ་འདིའི་བདེན་ཁུངས་ར་སྤྲོད་བྱ་ཆེད།  གསར་འགོད་པས་ཀན་སུའུ་ཞིང་ཆེན་ཆོས་ལུགས་ལས་དོན་ཅུའུ་རྩད་འདྲི་བྱས།  ལས་དོན་མི་སྣ་ཞིག་གིས་གསར་འགོད་པར་བརྗོད་རྒྱུར།  སྦྲག་སྐུར་ཡི་གེ་འདི་ངོ་མ་ཡིན་པ་དང་ཀན་སུའུ་ཞིང་ཆེན་ཆོས་ལུགས་ལས་དོན་ཅུས་ཀྱིས་བཀྲམས་ཏེ་སྤྲུལ་སྐུ་རྫུན་མའི་ཟང་ཟིང་གི་བྱ་སྤྱོད་ལ་ཐེར་འདོན་དང་དད་ལྡན་མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་གནད་དོན་ལ་དྲང་ཕྱོགས་ནས་སེམས་ཁུར་བྱས་པ་ཡིན།
          ཤེས་རྟོགས་བྱུང་བ་ལྟར་ན།  ཁོ་ཚེ་ཚུལ་ཁྲིམས་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་ཁོ་ཚེ་དགོན་པར་ཞུགས། གྲྭ་བ་དཀྱུས་མ་ཞིག་ཡིན།  1988ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ལ་རྒྱུགས་འཕྲོད།  ནང་བསྟན་སློབ་གླིང་གིས་གསལ་བཤད་བྱས་པར་གཞིགས་ན་ཁོ་ཚེ་ཚུལ་ཁྲིམས་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་ལྷག་ཐོན་པ་ཞིག་མིན་ལ། རང་ཉིད་ནི་སྤྲུལ་སྐུ་ཞིག་ཡིན་པ་བཤད་ཕོད་མྱོང་མེད།
          ནང་བསྟན་སློབ་གླིང་ནས་མཐར་ཕྱིན་རྗེས།  ཁོ་ཚེ་ཚུལ་ཁྲིམས་ཀྱིས་སློབ་གྲྭར་དགེ་རྒན་བྱས་མྱོང་།  འོན་ཀྱང་2001ལོ་ནས་བཟུང་ཁོང་གིས་དུས་ཡུན་རིང་པོར་སློབ་ཁྲིད་མ་བྱས་པ་དང་།  འགྲོ་ལུགས་གང་ཡང་མ་སྒྲུབ་པར་གང་སར་བྱེད་སྒོ་སྣ་ཚོགས་སྤེལ་པའི་གནས་ཚུལ་འོག  བསྟུད་མར་ལོ་གསུམ་རིང་ཉིན་100ལྷག་ཙམ་ལ་ལས་གནས་ཐོག་མེད་པས་མཇུག་མཐར་ཀན་སུའུ་ནང་བསྟན་སློབ་གླིང་གིས་ཁོ་ལས་གནས་ནས་ཕྱིར་ཕུད་པ་གཏན་འབེབས་བྱས།  ཀན་སུའུ་ནང་བསྟན་སློབ་གླིང་དེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡོད་པའི་དབང་གིས་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ནམ་རྒྱུན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མིང་གཡར་ཡོད།  གསར་འགོད་པས་བླ་བྲང་དགོན་པའི་གནས་ཚུལ་རྒྱུས་ཡོད་མི་སྣ་ཞིག་ལ་བཅར་འདྲི་བྱས་པ་ལྟར་ན།  ཁོ་ཚེ་ཚུལ་ཁྲིམས་དངོས་གནས་ནང་བསྟན་སློབ་གླིང་དུ་བསྡད་མྱོང་།  འོན་ཀྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་གྲལ་དུ་སློབ་སྦྱོང་བྱས་མྱོང་མེད་པས།  གུང་ཐང་རིན་པོ་ཆེའི་ཐུགས་སྲས་དང་ཡང་ན་དགེ་བཤེས་ཀྱི་མཚན་གནས་ཐོབ་ཡོད་ཞེས་པ་བདེན་ཁུངས་ཅི་ཡང་མེད།  ཁོང་ནི་བསམ་ཚ་སྤྲུལ་སྐུ་འོས་མིའི་གྲས་གཅིག་བཤད་ཚུལ་དེ་གོ་མ་མྱོང་།  
          རྒྱུས་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།  ཁོ་ཚེ་ཚུལ་ཁྲིམས་རང་ཉིད་ཀྱིས་རང་གི་བྱ་སྤྱོད་ལུགས་དང་མི་མཐུན་པ་དང་རྒྱལ་ནང་དུ་དགོན་སྡེའི་གསེར་ཁྲིར་མངའ་གསོལ་བའི་གོ་སྐབས་མེད་པ་རྟོགས་ཡོད། དེ་བས་ཁོང་གིས་ལོ་ངོ་དུ་མའི་རིང་ཕྱི་རྒྱལ་དུ་རྒྱུ་ནོར་ལ་ཧམ་ཐོབ་བྱེད།  རང་གིས་མོང་གོལ་རྒྱལ་ཁབ་དུ་ཞལ་འདེབས་བསྡུས་ནས་རང་ཉིད་ཀྱི་དགོན་སྡེ་ཞིག་བསྐྲུན་ཡོད།  གསེར་ཁྲི་མངའ་གསོལ་བའི་མཛད་སྒོ་རྒྱ་ཆེན་པོ་ཞིག་ཀྱང་སྤེལ།  འོན་ཀྱང་རྫུན་མ་ནམ་ཡང་བདེན་པར་འགྱུར་མི་ནུས།  ཐེངས་ཤིག་ཚོགས་འདུ་ཞིག་ཏུ་ཁོ་ཚེ་ཚུལ་ཁྲིམས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཡུན་རིང་པོ་སློབ་སྦྱོང་བྱས་མྱོང་པའི་མཁས་པ་ཆེན་པོ་ཞིག་དང་འཕྲད།  ཁོས་ཁ་རོག་གེར་རང་གི་མདུན་གྱི་ཁྲི་རིན་པོ་ཆེའི་མིང་བྱང་གབ་སྦས་བྱས།
ཐོན་སྐྱེད་འཕྲུལ་ཆས་སྟེང་གི་སྤྲུལ་སྐུ་རྫུན་མ།
          སྤྲུལ་སྐུ་རྫུན་མ་དེ་སྤྱི་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་པ་དང་བྱ་སྤྱོད་སྣ་ཚོགས་སྤེལ་ཐུབ་པ་ནི། དད་ལྡན་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤེས་རྟོགས་གསལ་པོ་མེད་པའི་མི་ཚད།  ཁོ་ཚོས་རང་ཉིད་ཀྱི་ཕྱིའི་རྣམ་པ་ལ་དང་དོད་ཆེན་པོ་བྱས་ཏེ་རྒྱུན་དུ་དགེ་སྒྲུབ་ཀྱི་མིང་ཐོག་ནས་སྙན་གྲགས་ཁོ་ན་གཉེར་པ་ཡིན།  ཁོ་ཚེ་ཚུལ་ཁྲིམས་ཀྱིས་“ཁོ་ཚེ་གངས་ལྗོངས་འབྲོག་པའི་དབུལ་སྐྱོར་རྟེན་གཞི་”དང་“སློབ་གསོའི་རོགས་སྐྱོབ་མཐུན་ཚོགས་"ཞེས་པའི་ཚོགས་པ་གཉིས་བཙུགས་ཡོད།  ཁོས་ཚོགས་གཙོའི་འགན་ཁུར་ཡོད།  ད་དུང་ཁོས་ཡོངས་བསྒྲགས་བྱས་པའི་སྤྱི་ཚོགས་ཀྱི་གོ་གནས་20ལྷག་ཡོད། དེ་རུ་“འཛམ་གླིང་ཞི་བདེའི་ཕོ་ཉ་”བཅས་འདུས། ད་ལྟའི་བར་ཀྲུང་དབྱང་མཛེས་རིས་གླིང་གི་མཚན་འཛིན་འགོ་ཁྲིད་ཀྱི་འགན་ཁུར་ཡོད།  འོན་ཀྱང་། བརྟག་དཔྱད་ལྟར་ན་ཀྲུང་དབྱང་མཛེས་རིས་གླིང་ཞེས་པའི་ལས་ཁུངས་ཞིག་རྩ་བ་ནས་མེད།  དེ་དང་མིང་འདྲ་མཚུངས་ཡིན་པའི་ལས་ཁུངས་ལ་ཀྲུང་གོའི་རྒྱལ་ཁབ་མཛེས་རིས་ཁང་དང་ཀྲུང་གོ་ཀྲུང་དབྱང་ཡིག་རིས་ཞིབ་འཇུག་ཁང་།  ཀྲུང་དབྱང་ཡིག་གཟུགས་དང་མཛེས་རིས་སྒྱུ་རྩལ་ཞིབ་འཇུག་ཁང་བཅས་ཀྱི་གཞུང་ཕྱོགས་དྲ་ཚིགས་ནང་ཁོ་ཚེ་ཚུལ་ཁྲིམས་ཞེས་པའི་མིང་ཙམ་ཡང་མེད།  པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་སྡེ་ཁག་གི་རབ་འབྱམས་པའི་བསླབ་གནས་ཐད་པེ་ཅིན་སློབ་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དུ་འདྲི་རྩད་བྱས་པ་ལྟར་ན། མི་དེ་ལྟ་བུ་ཞིག་རྩ་བ་ནས་རྙེད་མ་བྱུང་།
          བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་རིང་གཟབ་ནན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་ཆགས་ཡོད།  “སྤྲུལ་སྐུ་རྫུན་མ་”རྒྱ་ཡན་དུ་དར་བ་ནི་གཟབ་ནན་པའི་ལམ་ལུགས་ལ་གནོད་འཚེ་བཏང་བ་མ་ཟད།  ལྷག་པར་དུ་དད་ལྡན་མང་ཚོགས་ལ་གནོད་འཚེ་ཕོག་པ་ཡིན། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཉ་མོ་ཆུ་འཛུལ་བཞིན་ཀུན་ལ་གཡོ་བསླུ་སླ་མོར་བྱས་པས་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་པའི་སྤྲུལ་སྐུ་རྣམ་པའང་ངོ་སྐྱེངས་དགོས་པའི་ཚད་དུ་བཞག
          སྣང་ཚུལ་མི་ལེགས་པ་དེ་ཇི་ལྟར་བཀག་འགོག་དང་།  ཇི་ལྟར་ལམ་སྟོན་ལེགས་པོ་གནང་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་མཐུན་པའི་འཕེལ་རྒྱས་ལ་སྣེ་སྟོན་ཡག་པོ་བྱ་རྒྱུ་ནི་མིག་སྔར་ང་ཚོའི་མདུན་དུ་ལྷགས་པའི་དཔྱད་གཞི་གལ་ཆེན་ཞིག་ཡིན།  གནས་ཚུལ་འདི་ལ་དམིགས་ནས་2010ལོ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལག་ཁྱེར་གཅིག་གྱུར་དུ་བཟོས་ཏེ།  སྤྲུལ་སྐུ་ངོ་མར་ཁྲིམས་མཐུན་གྱི་འཛིན་ཡིག་གནང་། 2016ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་དྲ་བའི་སྒོ་ཕྱེས་ཏེ་སྤྲུལ་སྐུ་རྫུན་མ་རྣམས་འགྲོ་སའི་ཁུངས་མེད་པར་བཏང་། 
          ད་ལོའི་4པའི་ཚེས་19ཉིན།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་ཁྲེང་ཏུའུ་རུ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་《ཁྲིམས་སྲུང་སྡོམ་སྲུང་དང་ལེགས་བཅོས་རྫུན་སེལ་གྱིས་ཐུན་མོང་ཐོག་བོད་བརྒྱུད་ནང་པའི་བླ་སྤྲུལ་གྱི་སྣང་བརྙན་སྲུང་སྐྱོབ་བྱེད་པའི་》གྲོས་གཞི་ལ་གྲོས་འཆམ་བྱུང་།
          གྲོས་གཞིར་བསྟན་དོན།  བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རྒྱུན་འཛིན་ལམ་ལུགས་ཤིག་ཡིན།  ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་འཛུགས་སྐྲུན་དང་འཕོ་འགྱུར་བྱུང་བ་བརྒྱུད་གཟབ་ནན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་ཡོད་པའི་ལམ་ལུགས་འཐུས་ཚང་པ་ཆགས་ཡོད།  ཉེ་བའི་ལོ་ཤས་རིང་མི་ལ་ལས་སྤྱི་ཚོགས་དང་དྲ་རྒྱའི་སྟེང་སྤྲུལ་སྐུ་རྫུན་མས་མགོ་སྐོར་གཡོ་བསླུ་གཏོང་བའི་སྣང་ཚུལ་མང་པོ་ཡོད།  ལ་ལ་སྤྱི་ཚོགས་སྟེང་གི་འབྲེལ་བ་མེད་པའི་མི་སྣ་ཡིན་ལ།  ལ་ལ་དགེ་འདུན་པས་དགོན་པའི་མིང་གཡར་ནས་སྤྲུལ་སྐུ་དང་ཆོས་རྒྱལ་གྱི་མིང་ཐོག་ནས་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བཞིན་ཡོད་ལ།  བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་དེ་རྡོག་རྫིས་སུ་བཏང་པས་ཤིན་ཏུ་བློ་ཕངས་དགོས་པ་ཞིག་རེད།  དེ་བས་ཡང་སྲིད་ལམ་ལུགས་ལ་དཀའ་རྙོག་གཏོང་མཁན་གྱི་སྤྲུལ་སྐུ་རྫུན་མ་དག་དགོན་པས་ཆོས་ཁྲིམས་ལྟར་མཐར་སྐྲོད་གཏོང་རྒྱུ་དང་།  ནང་བསྟན་མཐུན་ཚོགས་ཀྱིས་ཐག་གཅོད་ནན་པོ་བྱ་དགོས།  རྒྱ་ཆེའི་དད་ལྡན་མང་ཚོགས་ནས་ཀྱང་བློས་དཔྱད་ཡག་པོ་དགོས།  སྲིད་གཞུང་ནས་ཆོག་མཆན་གནང་བའི་སྤྲུལ་སྐུ་ཚང་མར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་སྤྲད་པའི་དཔང་ཡིག་ཡོད།  ལག་ཁྱེར་མེད་པ་ནི་རྫུན་མ་ཡིན།   སྤྱི་ཚོགས་སྟེང་དང་དྲ་རྒྱའི་ཐོག་ཏུ་སྤྲུལ་སྐུ་རྫུན་མས་འགོ་སྐོར་གཡོ་བསླུ་གཏོང་བཞིན་པ་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རྩད་གཅོད་བྱེད་པའི་རེ་བ་ཆེན་པོ་བྱེད།  སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་ལྟ་སྐུལ་བཀག་འགོག་དང་།  དྲ་བའི་སྟེགས་བུའི་སྟེང་སྤྲུལ་སྐུ་དང་རིན་པོ་ཆེའི་མིང་ཐོག་ནས་བྱེད་སྒོ་སྤེལ་མཁན་ཚོ་ལའང་སྤྲུལ་སྐུའི་ཐོབ་ཐང་བདེན་དཔང་ཡོད་དགོས།  ཐུན་མོང་ཐོག་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་ལ་སྲུང་སྐྱོང་བྱ་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716