སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བརྗིད་ཆེའི་དམ་བཅའ། ལོ་རྒྱུས་ཀྱི་མཆོང་སྐྱོད།
སྤེལ་དུས། 2017-05-24   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཚེ་རྡོ།
——ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་གནང་བའི་སྐོར་བཀོད་པ།
          དེ་ནི་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དུས་ཐུང་ལོ་བཞིའི་ནང་ཀྲུང་གོ་བ་ཁྲི་5564དབུལ་སྒྲོལ་བྱུང་བ་དེ་ཡོ་རོབ་རྒྱལ་ཁབ་ཆེན་པོ་གཅིག་གི་མི་འབོར་བསྡོམས་འབོར་དང་མཚུངས་ཀྱི་ཡོད། མ་འོངས་ལོ་གསུམ་རིང་ད་དུང་མི་ཁྲི་4335དབུལ་སྒྲོལ་ཐུབ་རྒྱུ་རེད།
          མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱ་རྒྱུའི་བརྗིད་ཆེའི་དམ་བཅའ་དེས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ཏེ་ཀྲུང་གོའི་མི་དམངས་རྣམས་ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུ་འགན་ལེན་ཐུབ་རྒྱུ་རེད།
          ཡུས་ཀུང་ལྟ་བུའི་དམ་བཅའ་བཞག དཀའ་ཚེགས་ཆེན་པོས་ལས་དོན་བསྒྲུབས།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་དང་འབྲེལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་དང་འཕོ་འགྱུར་ཆེན་པོ་བསུས་ཡོད།
          ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་ལྷོད་མེད་བྱེད།
          དབུལ་པོ་མེད་པ་བཟོས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་དོར་ཐབས་མེད་པའི་འོས་འགན་ཡང་ཡིན།
          2012ལོའི་ཟླ་12ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་ནས་ཉིན་40ལྷག་ཙམ་སོང་བའི་ཞི་ཅིན་ཕིང་གིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཀྱི་གྲང་ངར་ལ་མ་འཛེམས་པར་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ས་ཁུལ་ཡིན་་པའི་ཧོ་པེ་ཞིང་ཆེན་ཕུའུ་ཕིང་རྫོང་དུ་ཕེབས།
          ཚེས་29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་པེ་ཅིང་ནས་རྡོག་ཐོན་གནང་བ་དང་ཚེས་30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོར་པེ་ཅིང་དུ་ཕྱིར་ལོག་གནང་ཞིང་། སྤྱི་ལེ་700ལྷག་ཙམ་གྱི་སར་ཕར་ཚུར་ཆུ་ཚོད་20ལྷག་ཙམ་ཕེབས་གནང་སྟེ་དབུལ་སྒྲོལ་དངོས་འབྲེལ་ཐུབ་ཡོད་མེད་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད། གངས་ལམ་བརྒྱུད་དམིགས་བསལ་དཀའ་ངལ་ཆེ་བའི་གྲོང་ཚོ་ལུང་ཆོན་ཀོན་གྲོང་རྡལ་ལུའོ་ཐའོ་དབན་གྲོང་ཚོ་དང་ཀུའུ་ཆ་ཐའེ་གྲོང་ཚོར་ཕེབས། གྲོང་མིའི་ཁྱིམ་དུ་ས་ཁྲིའི་ཐོག་སྐྱིལ་ཀྲུང་དུ་བཞུགས་ཏེ་མང་ཚོགས་ཚོ་དང་འཚོ་བར་དཀའ་ངལ་གང་ཡོད་མེད་བཀའ་འདྲི་གནང་།
          སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ཆེས་དཀའ་ཚེགས་དང་ཆེས་ལྗིད་རྫོབ་ཀྱི་ལས་འགན་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་ཡོད། གྲོང་གསེབ་འབྱོར་འབྲིང་དང་ལྷག་པར་དུ་ས་ཁུལ་དབུལ་པོ་འབྱོར་འབྲིང་ལ་མ་སླེབས་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་མི་ཐུབ་ཅེས་གསུངས་པ་རེད།
          སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཡིད་ཆེས་ཡོད་ན་ས་ཡང་གསེར་ལ་འགྱུར་ཐུབ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་དང་ལྷག་པར་དུ་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་ས་ཁུལ་དབུལ་པོའི་མང་ཚོགས་དབུལ་སྒྲོལ་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཞེས་ནན་བཤད་གནང་བ་རེད།
          དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་ལ་བཏང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔུང་འཇུག་བཀའ་རྒྱ་ཡིན།
          བརྒྱུད་པའི་ལམ་བུར་ཕྱིར་མིག་བལྟ་སྐབས་དབུལ་སྒྲོལ་ཐད་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱིས་གཞི་ཁྱོན་ཆེ་ལ་འཆར་གཞི་ལྡན་པའི་སྒོ་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་བར་བརྟེན་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད།
          ལོ་བཞི་ལྷག་ཙམ་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ནང་གི་ས་གནས་ཁག་ཏུ་རྟོག་ཞིབ་ཐེངས་30ལྷག་ཙམ་གནང་མྱོང་བ་དང་རྟོག་ཞིབ་གནང་རིམ་བཞིན་དབུལ་སྐྱོར་སྐོར་གླེང་གནང་གི་ཡོད། ས་སེར་མཐོ་སྒང་ནས་སྔོ་ལྗང་གི་ནགས་ཚལ་སྟུག་པོའི་བར་དང་། གངས་ལྗོངས་ས་མཐོ་ནས་ཡངས་པའི་རྩྭ་ཐང་བར། ནུབ་བྱང་མཐའ་མཚམས་ནས་ཡུན་ཀུའེ་ས་མཐོའི་བར་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཁུལ་14ལ་ཕེབས་མྱོང་ཡོད།
          མི་དམངས་ཀྱིས་བརྗེད་ཐབས་བྲལ་བའི་ལོ་ལྔ། ལོ་དེ་དག་ནང་ལོ་ལྟར་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མང་ཚོགས་དབུལ་པོར་ཆེད་མངགས་གཟིགས་པར་ཕེབས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས“ང་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། ཀུའེ་ཀྲོའུ། ཡུན་ནན། ཀོང་ཤིས། བོད་ལྗོངས། ཤིན་ཅང་སོགས་ཀྲུང་གོའི་ས་ཁུལ་དབུལ་པོ་མང་ཆེ་བར་འགྲོ་མྱོང་ཡོད། མང་ཚོགས་ཚོའི་འཚོ་བ་ཁག་པོ་ཡོད་པ་མཐོང་སྐབས་ང་སེམས་མི་སྐྱིད་པ་ཡོང་བ་དང་ཁོང་ཚོའི་འཚོ་བ་ཡག་པོ་ཡོད་པ་མཐོང་སྐབས་ང་སེམས་སྐྱིད་པོ་འདུག”ཅེས་གསུངས་མྱོང་།
          2015ལོའི་ཟླ་11ཚེས་27ཉིན་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་མདུན་སྐྱོད་དུང་སྒྲ་བསྒྲགས་ཟིན་པས་ང་ཚོས་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་དང་། དམིགས་ཚད་ལ་གཞིགས་པ། དཀའ་སྒྲུབ་དངོས་སྒྲུབ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
          ཚོགས་འདུའི་ཐོག་དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ཀྱི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པའི་རྨང་གཞིའི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་རིམ་གྱིས་མིང་རྟགས་བཀོད་པ་རེད།
          “རིམ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པ”ནི་ཀྲུང་གོའི་ཁྱད་ཆོས་ཤིག་རེད་ལ། ཀྲུང་གོའི་ཆོད་སེམས་ཤིག་ཀྱང་རེད།
          འདི་ལོའི་ཟླ་2ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་39པ་གཙོ་སྐྱོང་གནང་སྐབས་འགོ་ཁྲིད་ཀྱི་འགན་འཁྲི་དང་། མ་དངུལ་མ་འཇོག སྡེ་ཚན་མཐུན་སྦྱོར། ཤར་ནུབ་མཉམ་ལས། སྤྱི་ཚོགས་མཉམ་ཤུགས། གཞི་རིམ་གྱི་གསོན་ཤུགས། ལས་འགན་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད།
          “ལག་ལེན་ཁྲོད་ང་ཚོས་ཉམས་མྱོང་བཟང་པོ་མང་པོ་བསགས་ཡོད། མདོར་བསྡུས་ནས་བརྗོད་ན་གཙོ་བོ་ནི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་རྩ་བ་དང་། གནད་སྨིན་ལ་དམ་འཛིན་བྱེད་པ་དོ་གནད། མ་དངུལ་མང་དུ་གཏོང་བ་འགན་ལེན། ཕྱོགས་ཁག་ཞུགས་པ་མཉམ་ཤུགས། མང་ཚོགས་ཞུགས་པ་རྨང་གཞི”བཅས་ཡིན་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་ཡོད།
          《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》བཀྲམ་པ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆར་གྱུར་ཡོད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་བཀྲམ་ནས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཞིབ་ཚགས་སུ་བཏང་བ་དང་དོན་འཁྱོལ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལེ་ལག་ཡིག་ཆ་11བཏོན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་ཡིག་ཆ་དང་ལག་བསྟར་ཇུས་གཞི་118བཏོན་པ་དང་། རྒྱལ་ཡོངས་ས་གནས་ཁག་གིས“1+N”ཡི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་རབ་དང་རིམ་པ་བསྟུད་མར་བཏོན་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
          “དབུལ་པོའི་རྩ་བ”གནད་སྨིན་བཙལ་ནས་མཉམ་དུ་འགག་སྒྲོལ་བྱེད།
          གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ནི་དབུལ་སྐྱོར་ལག་ལེན་གྱི་ཀྲུང་གོའི་བློ་གྲོས་ཤིག་དང་། ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་རེད།
          ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་དུང་བརྡ་ཕྱོགས་ཡོངས་ནས་གྲགས་པའི་སྐབས་སུ། འདུ་ཤེས་འདི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གཞི་རྩའི་ཇུས་གཞིར་གྱུར་པ་དང་འབྲེལ་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་དམིགས་སའི་ལམ་སྲོལ་དང་། དབུལ་སྐྱོར་བྱེད་ཐབས། རྩ་འཛུགས་ཀྱི་སྒྲིག་སྲོལ་སོགས་ཚང་མར་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད།
          གནད་སྨིན་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཞིབ་ཕྲའི་བླང་བྱ་ཁག་བཞི་བཏོན་པ་སྟེ།
          ——དུས་ཚོད་ཀྱི་རེའུ་མིག་བཟོས་ནས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས། ནར་འགྱངས་སྔོན་འགོག་བྱེད་དགོས་ལ། ངང་ཐུང་འཚབ་འཚུབ་ཀྱང་སྔོན་འགོག་བྱེད་དགོས།
          ——བར་བརྒལ་དུས་མཚམས་བཞག་ནས་དུས་ཡུན་ངེས་ཅན་ཞིག་རིང་དབུལ་ཞྭ་ཕུད་པ་ལས་སྲིད་ཇུས་བསྒྱུར་མི་རུང་།
          —— ཚོད་སྐོར་ནན་པོ་བྱས་ནས་དབུལ་ཞྭ་ཕུད་པའི་ཚད་གཞི་ལྟར་ཞིབ་བཤེར་རྩིས་ལེན་བྱེད་དགོས།
          ——དུད་ཚང་རེ་རེ་བཞིན་ཐོ་བསུབས་ཏེ་མི་རེ་རེ་བཞིན་དབུལ་སྒྲོལ་ཐུབ་པ་བྱེད་དགོས། དབུལ་སྒྲོལ་ཐུབ་དང་མ་ཐུབ་ཚང་མ་མང་ཚོགས་དང་མཉམ་དུ་རྩིས་བརྒྱབ་ཏེ། མང་ཚོགས་ཀྱིས་ཁས་ལེན་བྱེད་དགོས།
          འདི་ལོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོས་བསྡུར་གནང་སྐབས། མིག་སྔའི་དབུལ་སྒྲོལ་ལས་དོན་གྱི་འགག་རྩ་ནི་གནད་སྨིན་ཤུགས་འདོན་བྱེད་དགོས་པ་དང་གཞི་རིམ་ལ་བསྡིགས་པ་དང་མཉམ་ཤུགས་ཆགས་པར་བྱེད་དགོས་པ་མ་ཟད། ལ་ལར“ཕར་ཆིན་རྒྱག་པའི”སྙིང་རུས་ལ་བརྟེན་ནས་ལས་དོན་སྤེལ་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད།
          གནད་སྨིན་དབུལ་སྐྱོར་ནས་གནད་སྨིན་དབུལ་སྒྲོལ་བར་གྱི་གཙོ་གནད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་དེ་ཡིན་ལ། འགག་རྩ་ནི་ཐབས་ལམ་འཚོལ་བ་དང་སྒྲིག་སྲོལ་ལམ་སྲོལ་ཡག་པོ་འཛུགས་པ་དེ་རེད། གནད་སྨིན་ཇུས་འདོན་ཐད་བྱེད་ཐབས་དངོས་སྤྱོད་པ་དང་། གནད་སྨིན་སྐུལ་འདེད་ཐད་འབད་བརྩོན་བྱེད་པ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་ཐོན་པ་བཅས་བྱེད་དགོས།
          ——“སུ་ལ་རོགས་སྐྱོར་བྱེད་པའི”གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་འབོར་དབུལ་པོ་ངོ་མ་གསལ་པོ་ཤེས་པ་དང་། མི་འབོར་དབུལ་པོ་དང་། དབུལ་པོའི་ཚད་གཞི། དབུལ་པོ་ཆགས་རྐྱེན་སོགས་གསལ་པོ་ཤེས་པར་བྱས་ནས་དུད་ཚང་ལ་བསྟུན་ནས་ཇུས་གཞི་བཟོ་བ་དང་མི་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་ལ་སྟབས་བདེ་སྐྲུན་དགོས་ཞེས་གསུངས་ཡོད།
          2014ལོའི་ཟླ་བ་བཞི་པ་ནས་བཅུ་པའི་བར་རྒྱལ་ཡོངས་དབུལ་སྐྱོར་ཁོངས་གཏོགས་ཀྱིས་མི་ཁྲི་80སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་དེ་ཁྱོན་གྲོང་ཚོ་དབུལ་པོ་ཁྲི་12.8དང་མི་འབོར་དབུལ་པོ་ཁྲི་8962ལ་སླར་ཡང་དབྱེ་འབྱེད་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་ནས་ཆ་འཕྲིན་ནང་བཅུག་སྟེ་འཇུག་འཐེན་གྱི་འགུལ་རྣམ་དོ་དམ་ལག་བསྟར་བྱས་པར་བརྟེན་དབུལ་སྐྱོར་བྱེད་དགོས་རིགས་ལ་དབུལ་སྐྱོར་ཐུབ་ཡོད།
          2015ལོའི་ཟླ་བ་བརྒྱད་པ་ནས་2016ལོའི་ཟླ་དྲུག་པ་བར། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཁོངས་གཏོགས་ཀྱིས་མི་ཁྲི་200ལྷག་ཙམ་སྐུལ་སློང་བྱས་ནས་ཡིག་ཚགས་དང་གཱ་བཟོས་ཏེ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ་དང་། མི་འབོར་དབུལ་པོ་ཁྲི་807ཁ་གསབ་བྱས་པ་དང་འབྲེལ་མི་འབོར་ཁྲི་929ཡི་དབུལ་པོའི་དབྱེ་འབྱེད་གནས་ཚུལ་གསལ་པོ་བཟོས་པར་བརྟེན་དབྱེ་འབྱེད་སྔར་བས་ཁ་གསལ་བྱུང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་གཏན་འཁེལ་བྱུང་ཡོད།
          —— “སུས་རོགས་སྐྱོར་བྱེད་པའི”གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱི་སྤྱིའི་འགན་འཁུར་བ། གྲོང་ཁྱེར(ས་ཁུལ)དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ལམ་སྲོལ་ཞིག་མགྱོགས་མྱུར་ཆགས་པར་བྱས་ནས་ལས་བགོས་ཁ་གསལ་དང་། འགན་འཁྲི་ཁ་གསལ། ལས་འགན་དོན་འཁྱོལ། དཔྱད་ཞིབ་ཡག་པོ་བཅས་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།
          —— “རོགས་སྐྱོར་ཇི་ལྟར་བྱེད་པའི”གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང“གཅིག་རེ་ལྔའི”འདུ་འགོད་ལག་ལེན་བསྟར་བ་དང་། ཐོན་སྐྱེད་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་བྱས་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། སྣོད་བཅུད་ཁ་གསབ་ལ་བརྟེན་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ། སྤྱི་ཚོགས་འགན་སྲུང་ལ་བརྟེན་ནས་ཁག་གཅིག་མཐའ་སྐྱོང་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད།
          འདི་ནི་གནད་སྨིན་ཐབས་འདོན་དང་ཕྱོགས་ཡོངས་ནས་དབུལ་སྐྱོར་ལས་དོན་ལེགས་པར་སྒྲུབ་པའི་གཞི་རྩའི་འཐབ་ཇུས་ཤིག་རེད།
          ཐོན་ལས་ཀྱི་དབུལ་སྐྱོར་དང་། སློབ་གསོའི་དབུལ་སྐྱོར། བདེ་ཐང་གི་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སྣོད་བཅུད་ཀྱི་དབུལ་སྐྱོར། གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར། འོད་ཤུགས་ཀྱི་དབུལ་སྐྱོར་སོགས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ཀྱི་སྤྱིའི་བཀོད་འདོམས་འོག་སྤྱི་ཚོགས་ལས་རིགས་ཁག་དང་ལས་རིགས་ཚང་མའི་སྟོབས་ཤུགས་སྐུལ་སློང་བྱས་པ་དང་། ཡུལ་བབ་དང་བསྟུན་པ་དང་མི་མི་འདྲ་བར་བྱེད་སྟངས་མི་འདྲ་བ་རེ་འཛིན་པའི་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྒྲོལ་གསར་གཏོད་ཀྱི་ལག་ལེན་ས་གནས་ཁག་ཏུ་ཚ་ཚ་འུར་འུར་ངང་སྟར་བཞིན་ཡོད་པ་དང་འབྲེལ་མཉམ་ཤུགས་གཅིག་སྒྲིལ་གྱི་རྣམ་པ་ཞིག་ཆགས་ཡོད།
          ས་རྡོ་བསགས་ནས་རི་བོ་གྲུབ། ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་ཞེས་པ་ལྟར་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་པ་བརྒྱུད་མིག་མཐོང་ལག་ཟིན་གྱི་ཕན་འབྲས་མང་དག་ཐོབ་ཡོད་ཅིང་། ན་ནིང་རང་རྒྱལ་དུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1240ཉུང་དུ་ཕྱིན་པ་དང་། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལོ་4བསྟུད་མར་དབུལ་པོའི་མི་གྲངས་ཁྲི་ཆིག་སྟོང་ལྷག་ཙམ་ཉུང་དུ་ཕྱིན་པ་ཞིག་རེད།
          ལས་དོན་ཏན་ཏིག་བསྒྲུབས་ནས་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད།
          ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མང་ཚོགས་ཀྱི་བྱེད་པོ་མཐའ་འཁྱོངས་བྱེད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་གནས་ཤིག་དང་རླབས་ཆེན་བསྐྱར་དར་ལམ་དུ་སྐྱོད་པའི་འགན་ལེན་བློས་ཐུག་ཅིག་རེད།
          བརྗིད་རླབས་དགུང་འཕྱུར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་འདི་ནི་དོན་སྙིང་གཏིང་ཟབ་ལྡན་པའི་དུས་ཚིགས་གཉིས་ཡིན་པ་སྟེ།
          འདི་ལོའི་ཟླ་2ཚེས་26ཉིན་ཅང་ཤིས་ཅིན་ཀང་ཧྲན་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་པའི་ཁྱབ་བསྒྲགས་བྱས་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དེར་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁྲི་4.8ལ་སེམས་གསོ་ཡག་ཤོས་བྱས་ཡོད།
          དེ་སྔའི་དཀའ་ཚེགས་ཆེ་ཤོས་དང་དབུལ་ཤོས་ཡིན་པའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་རྨ་ཆུའི་ཆུ་འགྲམ་ཁུལ་དུ་ད་ཆ་གཞན་གྱིས་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་ཡོད། ས་ཁུལ་དེ་གཉིས་ཀྱི་དབུལ་སྒྲོལ་བྱུང་ཐབས་སྐོར་བཅར་འདྲི་བྱེད་སྐབས་ཆེས་རྩ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཏང་ཡོན་ལས་བྱེད་པས་འཐབ་ས་དང་པོར་བསྐྱོད་ནས་གཞན་གྱི་སྔོན་ལ་ལས་དོན་བསྒྲུབས་ཏེ་ལས་དབང་གི་ཁ་ལོ་སྒྱུར་བའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློ་སྟོབས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དེ་རེད།
          “མེ་འཁོར་མགྱོགས་པོ་རླུང་ལྟར་རྒྱུག མེ་འཁོར་མགོ་བོར་བརྟེན་ནས་བྱུང་། དབུལ་སྒྲོལ་འགག་སྒྲོལ་གྱི་མེ་འཁོར་མགོ་ནི་ཏང་ཀྲི་པུའུ་རེད”ཅེས་འདི་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་ཀྲང་པེ་རྫོང་ཞའོ་ཨར་ཐེ་གྲོང་རྡལ་ཏེ་ཧྲེང་གྲོང་ཚོར་རྟོག་ཞིབ་གནང་སྐབས་གསུངས་པ་དང་། ཁོང་གིས“དབུལ་སྐྱོར་ལས་དོན་རུ་ཁག་དང་ཧྲུའུ་ཅི་དང་པོ་མངགས་པ་སོགས་ཀྱི་བྱ་ཐབས་ཚང་མ་སྤྱད་ཡོད། འགག་རྩ་ནི་རྨང་གཞི་བརྟན་དུ་གཏོང་བ་དང་ཕན་འབྲས་ཐོན་པ་བྱེད་དགོས། ཧྲུའུ་ཅི་དང་པོས་དབུལ་སྐྱོར་དངོས་འབྲེལ་ཐུབ་པར་བྱས་ནས་གཞི་རིམ་དུ་རྩ་བ་ཚུགས་ནས་ལས་དོན་ལེགས་པར་སྒྲུབ་དགོས”ཞེས་གསུངས་ཡོད།
          དཔའ་བོའི་བློ་སྟོབས་འགྱུར་མེད་བྲག་ལྟར་སྣང་། དཀའ་བ་སྣ་ཚོགས་སེལ་བར་འབད་བརྩོན་བྱེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་ཐད་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་ཁུར་བ་དང་ལས་འགན་ལ་དམ་འཛིན་ཏན་ཏིག་བྱས་ཡོད།
          ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཏ་དབན་གྲོང་རྡལ་ཧའེ་ཀེ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་2900ཟིན་པ་དང་། དེ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་རང་བྱུང་གྲོང་ཚོ་ཞིག་རེད། 2010ལོར་ལོ་28ལ་སོན་པའི་དབྱང་པོ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཀྲུང་ཧྲན་ཆུས་དམངས་སྲིད་ཅུས་ཀྱི་ལས་བྱེད་པ་ཞིག་ནས་རི་གྲོང་དེའི་ཧྲུའུ་ཅི་དང་པོར་གྱུར། ལོ་དེར་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1600ལས་ཟིན་གྱི་མེད་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཧ་ཅང་དམའ་བ་ཡོད། གྲོང་མི་མང་ཆེ་བ་རྩྭ་འཇག་མའི་ཁང་པར་སྡོད་པ་དང་འཐུང་ཆུ་ཆར་ཆུ་རྟེན་དགོས་ཀྱི་ཡོད། དེས་མ་ཚད་ད་དུང་ལམ་དང་། དྲ་རྒྱ། ལག་ཐོགས་ཁ་པར་གྱི་བརྡ་རྟགས་སོགས་ཀྱང་མེད།
          ལོ་6གི་དུས་ཡུན་རིང་དབྱང་པོས་གྲོང་ཚོ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་རྣམ་གྲངས་ནང་འདྲེན་དང་། ཐོན་ལས་འཕེལ་རྒྱས། ཆུ་འདྲེན་ཆུ་གཏོང་སོགས་བྱས་པས་རི་ཁུལ་དུ་གནས་པའི་གྲོང་ཚོ་དེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མི་འབོར་དབུལ་པོ་1325ཡི་ནང་ནས་དབུལ་པོ་163ཉུང་དུ་ཕྱིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་སྒོར་ཁྲི་30བར་མང་དུ་ཕྱིན་ཏེ་གྲོང་མི་མི་རེའི་ཆ་སྙོམས་ལོ་རེའི་ཁེ་གཙང་ཡོང་འབབ་སྒོར་7230བར་འཕར་ཡོད།
          རྒྱལ་ཡོངས་ས་གནས་ཁག་གི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་དབྱང་པོ་དང་འདྲ་བའི་དབུལ་སྐྱོར་ལས་བྱེད་པ་མང་པོ་ཞིག་གིས་དབུལ་སྐྱོར་ལས་ལ་ཧུར་ཐག་གཞོལ་བཞིན་ཡོད་ཅིང་། “ཞིས་ཧའེ་ཀུའུ”ནས་ལྷོ་ནུབ་མཐའ་མཚམས་བར་དང་། ཨུ་མོང་ཧྲན་རི་ཁུལ་ནས་ཆིན་པའི་དབུས་རྒྱུད་བར་གྲོང་ཚོ་དབུལ་པོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
          ཏང་ཀྲུང་དབྱང་གིས་གྲོང་ཚོ་དབུལ་པོ་ཚང་མར་གྲོང་སྡོད་ལས་དོན་རུ་ཁག(ཚོགས་ཆུང)ཡོད་པ་དང་། དུད་ཚང་དབུལ་པོ་ཚང་མར་རོགས་སྐྱོར་འགན་ཁུར་བ་ཡོད་པར་བྱས་ནས་ཁྱོན་ཡོངས་ལ་ཁྱབ་དགོས་པའི་བླང་བྱ་བཏོན་གནང་ཡོད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱིས་ལས་བྱེད་པ་ཁྲི་77.5གྲོང་སྡོད་རོགས་སྐྱོར་མངགས་པ་དང་། ཕུལ་བྱུང་ལས་བྱེད་པ་ཁྲི་18.8གྲོང་ཚོ་དབུལ་པོ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་མེད་ཟབ་ཟོབ་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོར་མངགས་པ་རེད།
          2016ལོའི་ཟླ་4པར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས《དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་རྫོང་དབུལ་པོའི་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པ་བརྟན་པོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྫོང་དབུལ་པོའི་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པས་དབུལ་སྒྲོལ་ལས་འགན་ལེགས་གྲུབ་མ་བྱུང་གོང་རྩ་དོན་ཐོག་ལས་སྒྱུར་བྱ་མི་ཆོག་པ་ཁ་གསལ་བཏོན་ཡོད། དབུལ་ཞྭ་ཕུད་རྗེས་སྔར་བཞིན་དུས་མཚམས་ཤིག་རིང་ལས་ཀ་བྱེད་དགོས། རྫོང་དབུལ་པོ་830ཡི་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ལས་གནས་བརྟན་སྲུང་རྒྱུན་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
          ཏང་སྲིད་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་སྤྱི་ཚོགས་ཀྱི་དབུལ་སྐྱོར་ལས་དོན་ལ་ཡང་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད། རྒྱལ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་ཁྲི་17.68དེར་ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་12.8ལ་རོགས་སྐྱོར་ཁྱབ་ཡོད། ཀྲུང་དབྱང་ཁེ་ལས་68ཀྱིས“རྫོང་བརྒྱ་དང་གྲོང་ཚོ་བརྒྱའི”བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ཁྲི་2.65སྐུལ་སློང་བྱས་ནས“ཁེ་ལས་བརྒྱས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་སྤེལ་ཡོད།
          ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པ་དང་། ལོ་བརྒྱའི་འབད་འཐབ་དམིགས་ཚད་འགྲུབ་ཉེར་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏངཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་ལམ་དུ་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་ངེས་ཡིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་21ཉིན་འབྱོར་བའི་གློག་འཕྲིན)
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716