སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་འཐུས་མིར་མཇལ་འཕྲད་གནང་བ།
སྤེལ་དུས། 2017-06-02   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་པོ་སེམས་ལ་བརྟན་པོར་ངེས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཚད་ལོན་ཞིག་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ།

          ཟླ་6ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ“སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པ་བསུ——ངས་སྤོ་བོ་ཞི་ལགས་ལ་སྙིང་གཏམ་ཞིག་ཞུ་རྒྱུ་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་སྟོན་བྱེད་སྒོར་ཡང་ཞུགས་པ་རེད།
          དེ་རིང་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་པ་དང་། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་འཐུས་མི་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། “སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པ་བསུ——ངས་སྤོ་བོ་ཞི་ལགས་ལ་སྙིང་གཏམ་ཞིག་ཞུ་རྒྱུ་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་སྟོན་བྱེད་སྒོར་ཡང་ཞུགས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཙེང་དབན་མིང་དང་། ཅང་ཅེ། ཧྥང་ལིང་མིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཞུའེ་ཀོང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་ལས་རོགས་ལུའོ་མའེ་སོགས་ཕེབས་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་སུམ་ཅུ་ཡོལ་ཙམ་ལ་ཝུའུ་དབྱིང་ཅེ་སོགས་འགོ་ཁྲིད་བློ་མཐུན་བོད་ལྗོངས་མི་དམངས་ཚོགས་ཁང་དུ་ཕེབས་ཤིང་། བསྟན་འཛིན་འཇིགས་མེད་དང་པད་མ་ལྷ་སྐྱིད་སོགས་སློབ་མས་འགོ་ཁྲིད་བློ་མཐུན་ཚོའི་དྲུང་དུ་བཅར་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་དང་འབྲེལ་ཝུའུ་དབྱིང་ཅེ་སོགས་ལ་སྐེ་དར་དམར་པོའང་བཅིངས་པ་རེད། ཝུའུ་དབྱིང་ཅེས་འཛུམ་དམུལ་དམུལ་ངང་བྱིས་པ་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་དང་སྦྲགས་ལྷན་བཞུགས་དྲན་རྟེན་པར་ཡང་བསྐྱོན་པ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། རང་སྐྱོང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་རྟེན་འབྲེལ་ཞུས་པ། 
          ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་རེ་བ་ཡིན། ཏང་ཀྲུང་དབྱང་གིས་སྔར་ནས་ད་བར་ལོ་ཆུང་བྱིས་པའི་ལས་དོན་ལ་མཐོང་ཆེན་པོ་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པའི་འཚར་ལོངས་དང་ཡར་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་ཞིང་། “དྲུག་གཅིག”དུས་ཆེན་ཤར་རིམ་བཞིན་བྱིས་པ་ཚོར་ཆེད་མངགས་གཟིགས་པར་ཕེབས་ལ་ཁོ་ཚོར་རེ་བ་ཟབ་མོ་བཅོལ་ནས་དུས་བབ་གསར་པའི་འོག་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། བོད་གསར་པའི་དུས་སུ་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་བའི་ཁྱེད་ཚོས་ཀྲུང་གོ་ཡོངས་ཀྱི་ཕྲུ་གུའི་གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་ལ་ཏང་ཀྲུང་དབྱང་གི་བྱམས་སྐྱོང་ཆེ་ཤོས་ཀྱང་ཉམས་སུ་མྱོང་བཞིན་ཡོད། ཁྱེད་ཚོས་སྤོ་བོ་ཞི་ལགས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་ཆུང་བྱིས་པའི་དུས་ནས་མི་ཚུལ་ལྡན་ཞིག་ཇི་ལྟར་བྱེད་དགོས་མིན་སློབ་སྦྱོང་དང་། སེམས་ཤུགས་ཆེན་པོ་ཞིག་ཇི་ལྟར་བྱེད་དགོས་མིན་སློབ་སྦྱོང་། གསར་གཏོད་ཇི་ལྟར་བྱེད་དགོས་མིན་སློབ་སྦྱོང་བཅས་བྱས་ནས་མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོའི་ནང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུའི་རེ་བ་ཡོད། ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། དྲིན་བྱས་དྲིན་དུ་ཚོར་བ། སྲོག་ཤིང་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། སློབ་སྦྱོང་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་དགོས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་སློབ་སྦྱོང་དང་རྒྱུན་འཛིན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་མཁན་མིག་དཔེ་ཞིག་ཧུར་བརྩོན་ཆེན་པོས་བྱེད་དགོས། དམ་པ་དོན་གཉེར་དང་མེས་རྒྱལ་གྱི་དྲིན་ལན་འཇལ་བའི་འདུ་ཤེས་ཞིག་འཇགས་རྒྱུར་དོ་སྣང་དང་ཐོག་མའི་བསམ་འདུན་མ་བརྗེད་པར་སེམས་པ་དམར་པོ་ཏང་ལ་ཕྱོགས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཚད་ལོན་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། དངོས་གཙོ་སྨྲ་བ། ལྷ་མེད་སྨྲ་བ་བཅས་བརྟན་པོར་འཛུགས་པ་དང་། ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱེད་པ། ནང་མིར་བདེ་ཐང་ཡ་རབས་ཀྱི་འཚོ་བ་སྐྱེལ་རྒྱུའི་བག་ཆགས་བཟང་པོ་འཇོག་ལ་སྐུལ་ཁྲིད་ཀྱང་བྱེད་པ་བཅས་ཀྱི་ཐོག་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ལེགས་པར་སྐྱེལ་དགོས། ཤེས་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཆོད་སེམས་བརྟན་དུ་གཏོང་དགོས་ཤིང་། སྐེ་དར་དམར་པོའི་མཚན་སྙན་ལ་གཅེས་འཛིན་བྱེད་པ་དང་། སློབ་སྦྱོང་ཡག་པོ་དང་ཉིན་བཞིན་ཡར་རྒྱས་ཡོང་ཐབས་བྱེད་པ། སློབ་དེབ་ནང་སློབ་སྦྱོང་དང་། མིག་དཔེར་སློབ་སྦྱོང་། དགེ་རྒན་ལ་སློབ་སྦྱོང་། སློབ་གྲོགས་ལ་སློབ་སྦྱོང་། སྤྱི་ཚོགས་ལ་སློབ་སྦྱོང་བཅས་བྱས་ནས་ཤེས་བྱ་གསོ་འཁྱོངས་དང་། འཇོན་ཐང་འཕེལ་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེང་གི་དུས་སུ་མེས་རྒྱལ་གྱི་བྱིས་པ་ཡག་པོ་ཞིག་དང་འབྱུང་འགྱུར་དུ་མེས་རྒྱལ་གྱི་འཛུགས་སྐྲུན་པ་ཞིག་བྱེད་དགོས། ཤེས་བྱ་སྐོམ་པ་ཆུ་འདོད་ལྟར་དང་། ཤེས་འདོད་ཀྱི་བསམ་པ་མི་ཉམས་པ། ཚན་རིག་གི་སྙིང་སྟོབས་འཕེལ་བ། བསམ་བློ་གཏོང་མཁས་པ། ལག་པ་སྒུལ་ཧུར་བ་བཅས་བྱེད་དགོས། ཆུང་བྱིས་པའི་དུས་ནས་ངལ་རྩོལ་ནི་གཟི་བརྗིད་ཅིག་ཡིན་པའི་ལྟ་བ་བརྟན་པོར་བཙུགས་ཏེ། ངལ་རྩོལ་ནང་ནུས་པས་གང་ལྕོགས་ཀྱིས་ཞུགས་ནས་སེམས་ཤུགས་ཆེ་རུ་དང་ལུས་པོ་ཐང་དུ་གཏོང་དགོས་ཞེས་གསུངས་པ་རེད།
          དེ་རྗེས་ཝུའུ་དབྱིང་ཅེ་སོགས་ཀྱིས་ལྗོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ལས་དོན་འགྲེམས་པང་ལ་ལྟ་སྐོར་གནང་བ་དང་། ལོ་ཆུང་བྱིས་པའི་ལས་དོན་སྐོར་གྱི་སྙན་སེང་གསན་པ། ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་གཞི་རྟེན་གསར་གཏོད་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ལོ་ཆུང་བྱིས་པར་ཐུགས་ཁུར་ཆེན་པོ་གནང་བ་དྲིལ་བསྒྲགས་ཤུགས་ཆེན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་དང་བོད་རིགས་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དྲིལ་བསྒྲགས་ཤུགས་ཆེན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་དྲིལ་བསྒྲགས་ཤུགས་ཆེན། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱེད་དགོས་ལ། རྒྱ་ཆེའི་ལོ་ཆུང་བྱིས་པར་ཏང་གི་བཀའ་དྲིན་དྲན་དགོས་པ་དང་། ཏང་གི་བཀའ་ལ་ཉན་དགོས་པ། ཏང་གི་རྗེས་སུ་འབྲང་དགོས་པ་བཅས་ཀྱི་སློབ་གསོ་ཡང་གཏོང་དགོས། བྱང་ཚད་སློབ་གསོ་ཤུགས་ཆེན་སྤེལ་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པའི་ཁུར་པོ་ཡང་དུ་དང་གནོན་ཤུགས་ཆུང་དུ་གཏོང་དགོས། ཕྲུ་གུ་ཚོ་སློབ་སྦྱོང་གི་ཁུར་པོ་ལྕི་པོའི་ཁྲོད་ནས་བཅིངས་འགྲོལ་བཏང་སྟེ་སྤྱོད་ཤེས་ལུས་མཛེས་བཅས་བཞི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྤེལ་རེས་ཧུར་ཐག་བྱེད་དགོས་ཤིང་། ཕྲུ་གུ་ཚོ་ཕྱིར་ཁྲིད་དེ་མིག་རྒྱང་རིང་དུ་དང་ཤེས་རྒྱ་ཆེ་རུ་བཏང་ནས“མོས་སེམས་ལྔ”ཡོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
          “སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པ་བསུ ——ངས་སྤོ་བོ་ཞི་ལགས་ལ་སྙིང་གཏམ་ཞིག་ཞུ་རྒྱུ་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་སྟོན་བྱེད་སྒོ་ད་ལྟ་སྤེལ་མུས་རེད། ཕྲུ་གུ་ཚོས་སྐོགས་མེད་འཕྲིན་ཡིག་དང་། བསམ་འདུན་གཱ ལག་བྲིས་ཚགས་པར་བཅས་ཀྱི་རྣམ་པའི་ཐོག་ནས་སེམས་གཏིང་གི་སྐད་ཆ་གུས་པར་འོས་པའི་སྤོ་བོ་ཞི་ལགས་ལ་བཤད་པ་རེད། ཝུའུ་དབྱིང་ཅེ་དང་བཅས་པ་ཕྲུ་གུའི་ཁྲོད་དུ་ཕེབས་ནས་སྤྲོ་སྣང་དང་བཅས་ཏེ་བྱེད་སྒོར་ཞུགས་པ་རེད།
          རྒྱལ་ཡོངས་ལོ་ཆུང་བྱིས་པའི་འཐུས་ཚོགས་ཐེངས་བདུན་པའི་འཐུས་མི་ལྷ་ས་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མ་ཀྲོའུ་དབྱིས་རན་དང་། རྒྱལ་ཡོངས་ཀྱི་བཀུར་སྟི་ཆེ་ཤོས་ཀྱི་ལོ་ཆུང་བྱིས་པའི་བྱ་དགའ་ཐོབ་མཁན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་སློབ་ཆུང་གི་སློབ་མ་ཚེ་བརྟན་ལྷ་མོ། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་མིག་དམར་ཚེ་རིང་བཅས་ཀྱིས་ཕ་ཡུལ་གྱི་འགྱུར་ལྡོག་དང་འཚར་ལོངས་ཀྱི་བརྒྱུད་རིམ་སོགས་བཤད་པ་དང་། སྤོ་བོ་ཞི་ལགས་ཀྱི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་སློབ་སྦྱོང་ལ་འབད་བརྩོན་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ནས་ཆེན་པོ་ཆགས་རྗེས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ལུགས་མཚོན་པར་བྱས་པ་རེད། དེ་རྗེས་ཏང་ཡོན་དང་། གུང་གཞོན་ཚོགས་མི། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི་བཅས་ཀྱིས་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་ལ་རེ་བ་ཆེན་པོ་བཅོལ་ལུགས་བརྗོད་པ་དང་འབྲེལ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ཀྱི་ཚོགས་དར། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་དར་བཅས་སྤྲད་པ་རེད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
          བྱེད་སྒོ་མཇུག་འགྲིལ་སྐབས་ཕྲུ་གུ་ཚོས་ཝུའུ་དབྱིང་ཅེ་དང་བཅས་པར་ལག་པ་གཡུག་གཡུག་བྱས་ཏེ་བྲལ་འདོད་མེད་པར་ཞལ་གྱེས་ཞུས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716