སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-06-09   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གཅིག་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་ལྔ་པ་བཅས་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཚེས་7ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གཅིག་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་ལྔ་པ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་རུལ་སུངས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་བཙུགས་ནས་ལོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལའང་ཞིབ་འཇུག་བྱས་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྐོར་གཟིགས་ལམ་ལུགས་ལ་གསོན་ཤུགས་གསར་པ་སྦྱིན་པ་དང་སྐོར་གཟིགས་ལས་དོན་ལ་སྐུལ་འདེད་བཏང་བར་བརྟེན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་སྤུ་གྲིའི་ནུས་པ་དེ་བས་འདོན་སྤེལ་ཐུབ་པ་བྱུང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག《〈ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》དང《ཀྲུང་དབྱང་གི་འདུ་ཤེས་འཛིན་སྟངས་ཚན་པའི་གནས་ཚུལ་ལ་སྐོར་གཟིགས་བྱ་རྒྱུའི་སྐོར་གྱི་ཆེད་དོན་སྙན་ཞུར》གྲོས་ཞིབ་གནང་བར་བརྟེན་སྐོར་གཟིགས་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ངེས་རེད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། 《སྲོལ་ཡིག》སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་མཉམ་སྡེབ་འཛིན་གྲྭ་གཉེར་བ་དང་། ཆེད་དོན་གསོ་སྦྱོང་། མཉམ་སྡེབ་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་མི་སེམས་ལ་འཇགས་ཐུབ་པ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་དང་སྒྲིག་ཁྲིམས་སྒྲིག་སྲོལ་ལྟར་སྐོར་གཟིགས་སྐོར་ཞིབ་ལས་དོན་སྤེལ་དགོས་པ་དང་། ལྷག་པར་དུ་གཙོ་གནད་རྣམ་གྲངས་དང་། གནད་སྨིན་དབུལ་སྐྱོར། དམངས་འཚོའི་ཁྱབ་ཁོངས་བཅས་ལ་དམིགས་ནས་ཆེད་དོན་སྐོར་ཞིབ་དང་དག་ཐེར་ལས་དོན་སྤེལ་ཏེ་གཞི་རིམ་གྱི“རུལ་སུངས་ཙག་ཙིག”ལ་ཆད་པ་ནན་པོ་གཅོད་དགོས།
          ཆབ་སྲིད་སྐོར་གཟིགས་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཏང་ཡོན་ལས་བྱེད་པས་ཆབ་སྲིད་སྒྲིག་ལམ་ལས་འགལ་བའི་གནད་དོན་གྱི་ཁུངས་སྣེ་ཕྱོགས་ཡོངས་ནས་གསེད་དཀྲོལ་དང་གྲལ་བཤེར་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱེད་པ། ཁྲིམས་འགལ་སྒྲིག་འཛུགས་བྱེད་སྤྱོད་སྤེལ་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྗེས་སུ་རྒྱུགས་པ་དང་རྒྱབ་སྐྱོར་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བ་སོགས་ཆབ་སྲིད་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སྐོར་གཟིགས་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་འཕྲལ་མར་ལེགས་བཅོས་དང་དག་ཐེར་བྱེད་དགོས། ཏང་གིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རིགས་པ་དྭངས་གསལ་རྒྱུན་འཁྱོངས། ལྷོད་གཡེང་གི་བསམ་བློ་དོར་བ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་ཀྱི་གནས་ཚུལ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ཞེ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་གནང་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དེས་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་སྒྱུར་རྒྱུ་དང་ཐུན་མོང་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། གཞི་འཛིན་ས་གལ་ཆེན་ཡང་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་སྤྱི་ཡོངས་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་འགན་སེམས་ཆེན་པོ་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་འབྲེལ་ཇི་ལྟར་བྱས་ནས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲིའི་བསམ་པ་དང་། འོས་འགན་གྱི་བསམ་པ། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཀྲུང་དབྱང་གིས་ཁ་གསལ་བཏོན་པའི་སྒྱུར་བཅོས་ལས་འགན་གྱི་འབྲེལ་མཐུད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྟན་པོ་དང་གཟབ་ནན་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བྱ་བ་གསར་པ་དང་བྱེད་ཐབས་གསར་པ་ཉིད་དོན་དངོས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་ཕྱིན་རྒྱབ་སྐྱོར་བྱས་ནས་ཚོད་ལྟ་བྱ་རྒྱུར་ལྕག་སྐུལ་དང་བློ་ཁོག་ཆེན་པོས་སྒྱུར་བཅོས་བྱེད་དགོས། བྱ་ཐབས་ཆུང་ཙག་དང་། ཕན་འབྲས་ཐོན་མགྱོགས་པ། མི་དམངས་མང་ཚོགས་ཀྱིས་རེ་བ་ཆེན་པོ་འདོན་པ་བཅས་ཀྱི་སྒྱུར་བཅོས་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཡག་པོ། དམ་འཛིན་ཏན་ཏིག་བཅས་བྱས་ཏེ་སྒྱུར་བཅོས་ཆུང་ཙག་མི་རེ་ངོ་རེ་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་བརྩི་བཀུར་ཐོབ་པ་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རུལ་སུངས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས་རུལ་སུངས་ལ་ངོ་རྒོལ་དང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ཡག་པོ་བསྒྲུབ་དགོས། དམིགས་ས་ཡོད་པའི་སྒོ་ནས་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་ཇུས་གཞི་བཟོས་ནས་འབེན་ཡོད་སར་མདའ་འཕེན་ཐུབ་པ་བྱས་ཏེ་ཆེད་དོན་བྱ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་རྒྱལ་ཡོངས་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་བདེའི་དཔའ་བོ་དཔེ་བཟང་དང་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་བྱམས་བརྩེའི་ཐུགས་ཁུར་གནང་བའང་མཚོན་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱས་ཏེ“ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པ”བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང“འདུ་ཤེས་བཞི”བརྟན་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་ལ་རྦད་དེ་བློ་དཀར་སེམས་དཀར་བྱེད་དགོས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་པ་དང་འཇིགས་རྒོལ་གཏུམ་འགོག་གི་གཙོ་གནད་མངོན་པ་བྱས་ཏེ་རླངས་སྣུམ་དང་འབར་རྫས་སོགས་འབར་སླ་བའི་དངོས་པོ་དང་དོ་དམ་བྱེད་ཁོངས་སུ་ཚུད་པའི་གྲི་སོགས་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཚན་པར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིང་ལས་ཚན་རིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་ལས་དོན་སྤེལ་མགྱོགས་སུ་གཏོང་བའི་བསམ་འཆར་ཞིབ་བཟོ་བྱེད་པ་དང་རང་ལྗོངས་ཀྱི་ཞིང་འབྲོག་ནགས་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་འབྲུ་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། སྣོད་བཅུད་སྔོ་འགྱུར་སོགས་ཀྱི་གཙོ་གནད་ལ་གཞིགས་ནས་ཚན་ཞིབ་གསར་གཏོད་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིང་འབྲོག་ཚན་རྩལ་མི་སྣ་འཚར་ལོངས་ཡོང་རྒྱུར་སེམས་ཁུར་བྱས་ཏེ་ཞིང་འབྲོག་ཚན་རྩལ་མི་སྣའི་ལས་དོན་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས།
          ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཤེས་ཡོན་ཅན་དང་ཚན་རྩལ་ལས་དོན་པར་ཚད་མཐོའི་མཐོང་ཆེན་དང་གཅེས་སེམས་བཅངས་ལུགས་དང་། མངགས་བཅོལ་དང་རེ་སྒུག་གང་ལེགས་གནང་བ་མཚོན་ཡོད་པས་ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས། བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱ་རྒྱུ་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་དང་རང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་དུ་བརྩིས་ནས་དྲིལ་བསྒྲགས་ཡག་པོ་བྱེད་དགོས། བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱ་རྒྱུ་དེ་བློ་མཐུན་ལེའོ་ཅུན་པོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱ་རྒྱུ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་དེར་རྒྱུན་ཆད་མེད་པར་ནང་དོན་གསར་པ་བསྣན་དགོས། བློ་མཐུན་ཧོང་ཏ་ཉན་སོགས་སྔོན་ཐོན་དཔེ་བཟང་གི་བླ་ན་མེད་པའི་བསམ་པའི་སྟོབས་ཤུགས་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་རང་ཉིད་ནས་འགོ་བཙུགས་པ་དང་རང་འཁྲིའི་ལས་གནས་ནས་འགོ་བརྩམས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716