སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤེལ་དུས། 2017-06-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  འཇིགས་མེད།
བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན་བཅས་ཕེབས་པ།
          ཟླ་6ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་སྟེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། པད་མ་དབང་འདུས། ཧྥང་ལིང་མིན་བཅས་ཕེབས་ཡོད་པ་རེད།
          ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། བསྟན་ཁོ། ཙེང་དབན་མིང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་དང་། བརྟན་ལྷིང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས། ཏང་འཛུགས་སྐྱོང་སོགས་ཐད་ཁག་སོ་སོར་གཙོ་གནད་གཏམ་བཤད་སྤེལ་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཐད་ཀྱི་མྱོང་ཚོར་ལྷུག་པོར་གླེང་གནང་བ་རེད།
          ཝུའུ་དབྱིང་ཅེས་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ནས་ཏང་གི་བོད་སྐྱོང་མཛད་ཇུས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། བོད་ཀྱི་ལས་དོན་འདི་སྔར་ན་མེད་པའི་མཐོ་ཚད་གསར་པ་ཞིག་གི་ཐོག་གོང་མཐོར་བཏང་བ། ཏང་གི་བོད་ཀྱི་ལས་ཀའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་བཏོད་པ་བཅས་ཀྱི་ཐོག་ནས་རང་རེའི་ཏང་གི་བོད་བརྟན་ལྷིང་དང་བོད་དར་རྒྱས་ཀྱི་སྲིད་ལོའི་རྩིས་འགོ་གསར་པ་ཞིག་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་སེམས་ནུས་གང་ཡོད་བཏོན་གནང་སྟེ་ཚད་མཐོའི་ཆབ་སྲིད་ཀྱི་བློ་གྲོས་དང་། བློ་བརྟན་འགྱུར་མེད་ཀྱི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས།
          མི་དམངས་ལ་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུ་བའི་ཁྱིམ་གཞིས་དང་རྒྱལ་ཁབ་ཀྱི་བརྩེ་སེམས་འཆང་བ། ཏང་གི་བོད་སྐྱོང་མཛད་ཇུས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ཐད་ཞིབ་འཇུག་གཏིང་ཟབ་གནང་བ། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་ཐོབ་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་བཅས་བྱས་ཏེ་བོད་ཀྱི་ལས་ཀའི་གནས་ཚད་གསར་པ་གཏན་འཁེལ་དང་ལས་འགན་གསར་པ་ཁ་གསལ་བཟོས་པར་བསམ་བློ་དང་། ཆབ་སྲིད། དམིགས་ས། མཛུབ་ཁྲིད། བཀོལ་སྤྱོད་བཅས་ཀྱི་རང་བཞིན་ཆེན་པོ་ལྡན་པས་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ང་ཚོར་འབད་འཐབ་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་མིག་སྔར་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་པས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་བྱུང་བ། སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ་བཅས་ལས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཀྱི་གྲས་ཤིག་ཏུ་སླེབས་ཡོད། ལག་ལེན་གྱི་ཐོག་ནས་བོད་ལ་ད་ཆའི་དུས་བབ་དང་རྣམ་པ་བཟང་པོ་འདི་ལྟ་བུ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་གྲུབ་འབྲས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཡང་དག་པའི་ཁྲིད་སྟོན་ལས་བྱུང་བའི་གྲུབ་འབྲས་ཡིན་པ། བོད་ཀྱི་ལས་དོན་ཡར་རྒྱས་ཕྲན་བུ་བྱུང་བ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་མཁས་མཛངས་ལྡན་པ་དང་ཡང་དག་པ་ལས་མངོན་པ་ཞིག་ཡིན་པས་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་སྲོག་ཤིང་གི་དོན་གནད་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནང་ཁྱབ་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་དེ་ང་ཚོས“ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པའི”དགོངས་པའི་ཁྲིད་སྟོན་དང་སྟོབས་ཤུགས་ཀྱི་འབྱུང་རྩར་བསྒྱུར་བ་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་བཏང་ནས་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་པ་སྟེ།
          གཅིག་ནས་བོད་ཀྱི་ལས་དོན་སྐོར་གྱི་ཤིན་ཏུ་གལ་འགངས་ཆེ་བའི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་ལ་སེམས་རྩེ་གཅིག་ཏུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་ཤིང་། འགན་འཁྲིའི་འདུ་ཤེས་ཆེན་པོ་དང་སེམས་ཁྲལ་གྱི་འདུ་ཤེས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཆེ་རུ་ཏན་ཏིག་བཏང་ཐོག་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ཀྱི་རྣམ་འགྱུར་དེ་བས་ལེགས་པ་དང་སྔར་བས་ཆོད་སེམས་དེ་བས་བརྟན་པོའི་སྒོ་ནས་བོད་ཀྱི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས་པ་དང་།
          གཉིས་ནས་ཏང་གི་བོད་སྐྱོང་མཛད་ཇུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་བླངས་ནས་བློ་བརྟན་འགྱུར་མེད་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ཏང་གི་བོད་སྐྱོང་མཛད་ཇུས་དེ་བོད་ཀྱི་ལས་ཀའི་ཁྱབ་ཁོངས་ཁག་དང་བོད་ཀྱི་ལས་དོན་ལ་སྤྱི་འདོམས་མཛུབ་ཁྲིད་བྱེད་པའི་ཐད་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་གངས་ལྗོངས་ས་མཐོ་གང་སར་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་བདེན་པའི་འོད་སྟོང་འཕྲོ་བར་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པའི་ལམ་སྟོན་སྒྲོན་མེར་འགྱུར་བ་བྱེད་དགོས་པ།
          གསུམ་ནས་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་བོད་ཀྱི་ལས་དོན་གྱི་ཡང་དག་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་ཤིང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་སྟངས་འཛིན་ནན་པོ་བྱས་ཏེ་མཐུན་སྦྱོར་སྐུལ་གཏོང་གི་རྗེས་དཔག་རང་རྟོགས་ངང་ཆེ་རུ་ཏན་ཏིག་གཏོང་བ་དང་། ལས་ཀའི“དམིགས་ས་དང་ཤུགས་རྒྱག་སར”སྟངས་འཛིན་ནན་པོ་བྱས་ཏེ་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བའི་ཆོད་སེམས་བརྟན་པོ་ཆེ་རུ་ཏན་ཏིག་གཏོང་བ། “བློ་བརྟན་འགྱུར་མེད་བཞིའི”གཙོ་གནད་ལས་འགན་ལ་སྟངས་འཛིན་ནན་པོ་བྱས་ཏེ་མཐའ་སྐྱོང་བོད་བརྟན་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཆེ་རུ་ཏན་ཏིག་གཏོང་བ། “འགན་ལེན་བཞིའི”མངགས་བཅོལ་ཟབ་མོ་སྟངས་འཛིན་ནན་པོ་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་ཏན་ཏིག་ངང་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་གོམ་པ་རེ་ལ་རྐང་རྗེས་རེའི་དཔེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཀོད་གནང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་དོན་དངོས་སུ་འགྱུར་ཐུབ་པ་བྱེད་དགོས་པ།
          བཞི་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་གནས་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས་པ།
          ལྔ་ནས་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་ཏང་ཀྲུང་དབྱང་གིས་ང་ཚོར་གནང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་ལེགས་སྒྲུབ་ཡག་པོ་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། ཁྲ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་གི་གཏན་འཁེལ་བྱ་ཐབས་དོན་འཁྱོལ་དམ་འཛིན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་གཞན་སྐུལ་གྱི་བརྟན་ལྷིང་ནས་རང་འགུལ་གྱི་བརྟན་ལྷིང་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་ནས་དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འཁོད་གལ་ཆེ་མཉམ་དུ་འཛིན་པ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམག་དམངས་མཉམ་འདྲེས་གཏིང་ཟབ་ཐོག་གོང་འཕེལ་ཡོང་བར་སྐུལ་མ་གཏོང་བ་དང་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ།
          དྲུག་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་བླངས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་མ་གཏོང་དགོས་ཤིང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས“ཁྲིད་སྟོན”ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་སྔོན་ཐོན་དཔེ་བཟང་བ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གྲྭ་ནས་དམ་འཛིན་དང་གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དད་ལྡན་མང་ཚོགས་ལ་ཚེ་འདིའི་བདེ་སྐྱིད་དོན་གཉེར་དང་མིག་སྔའི་འཚོ་བ་སྐྱིད་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་དང་། ཤུགས་རྐྱེན་ཐེབས་པ། སྣེ་ཁྲིད་ཐུབ་པ་བཅས་བྱེད་དགོས། ཆོས་ལུགས་ཀྱི་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ནས་ལས་བྱེད་པ་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་གཏིང་ཟབ་ཏུ་བཏང་སྟེ་ས་ཁོངས་ནང་ཁུལ་གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་དང་ངན་འབྲེལ་བྱེད་ལམ་མེད་པ་བཟོས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ།
          བདུན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། སྲུང་སྐྱོང་སྔོན་དུ་བྱེད་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆ་རྐྱེན་ལྡན་པའི་ས་ཆར“ལྕང་མ་མེད་པའི་དུད་ཚང”མེད་པ་བཟོ་བ་དང་སྣོད་བཅུད་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས་གངས་ལྗོངས་ས་མཐོའི་རི་ཆུ་དང་རྩྭ་དང་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ།
          བརྒྱད་ནས་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་གོང་འཕེལ་ཏན་ཏིག་གཏོང་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་། “ངོས་འཛིན་གཅིག་མཐུན་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། སྒོ་དབྱེ་དང་། དགའ་བསུ། ཁོང་ཡངས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ནང་སའི་འབྲུ་རིགས་འདེབས་འཛུགས་དང་ཕྱུགས་རིགས་གསོ་ཚགས་སོགས་ཀྱི་ཆེད་ལས་དུད་ཆེན་དང་། ཕྱུག་འགྱུར་འཇོན་ཐང་ཅན། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་ལག་རྩལ་སྣ་གཅིག་མཁས་པའི་ནང་སའི་མང་ཚོགས་བཅས་བོད་ཀྱི་ཐོན་སྐྱེད་འཚོ་བའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ས་གནས་ཀྱི་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་དང་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས་པ།
          དགུ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གལ་ཆེན་དངོས་འབྲེལ་ཡག་པོ་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་ཆེན་པོ་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། ཞི་མཐུན་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་བསྐྲུན་དགོས། འཐབ་ཕྱོགས་གཅིག་གྱུར་ལས་ཀའི་འགོ་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་ཏང་ཨུད་ཀྱིས་ཏང་ཕྱིའི་འཐུས་མིར་འབྲེལ་བ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། “ལྷག་བསམ”དང“སྤྱོད་གཙང”གི་སྲིད་དོན་དང་ཚོང་དོན་དབར་གྱི་འབྲེལ་བ་གསར་པ་འཛུགས་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་དབང་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ངང་གནས་ཐུབ་པ་བྱེད་དགོས་པ།
          བཅུ་ནས་དུས་བབ་གསར་པའི་འོག་ཏང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱས་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་སློབ་སྦྱོང་དང་གོ་བ་བླངས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གནས་བབ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས་ཤིང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གཞི་རྩ་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ལམ་ལུགས་ནན་པོ་སྲུང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གཞི་རིམ་རྩ་འཛུགས་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་བཅས་རེད།
          ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱ་རྒྱུ་ནི་དུས་ཡུན་རིང་པོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་སློབ་སྦྱོང་ཁྱབ་ཁོངས་ནང་བཅུག་ནས་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཏེ་དྲིལ་བསྒྲགས་དང་སློབ་སྦྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་ཕན་འབྲས་ཏན་ཏིག་ཐོག་ནས་ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ལུགས་མངོན་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་འགག་རྩ་ནི་བྱ་སྤྱོད་སྤེལ་བ་དང་ཕན་འབྲས་ཐོན་པ་བྱ་རྒྱུ་དེ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཁྲིད་སྟོན་དུ་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ས་ཁུལ་དེ་རང་དང་སྡེ་ཚན་དེ་གའི་ལས་དོན་ལ་ཞིབ་འཇུག་ནན་པོ་བྱས་ནས་ལས་ཀ་ཏན་ཏིག་བྱེད་པ་དང་བྱེད་མཁས་པོ་དང་ཕན་འབྲས་ཐོན་པ་བྱས་ཐོག་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་དང་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམས་པོ་ཡོང་བ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716