སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྣམ་མདོར་བསྡུས།
སྤེལ་དུས། 2013-02-14   ཡོང་ཁུངས། ཆོས་གྲོགས་དྲ་ཚིགས།   རྩོམ་པ་པོ།  བསོད་བསྟན་གྱིས་བསྒྲིགས།

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་སྟེ་སྤྱི་ལོ༡༨༧༦ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་གསོལ། དེའི་ཕྱི་ལོར་རྒྱལ་ཚབ་རྟ་ཚག་ངག་དབང་དཔལ་ལྡན་དང༌བཀའ་ཤག་གི་ལས་འཛིན་རྣམས་ཀྱིས་ཆོས་སྐྱོང་གི་ལུང་དང་རྨི་ལྟས་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་བློ་བཟང་ཐབས་མཁས་རྒྱ་མཚོ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་ལྷ་སར་གདན་འདྲེན་ཞུས། དགུང་ལོ་གསུམ་ཐོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་ལ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་གསོལ། དགུང་ལོ་བཞི་བའི་ས་ཡོས་སྤྱི་ལོ༡༨༧༩ལོར་པོ་ཏཱ་ལའི་གསེར་ཁྲི་ལ་མངའ་གསོལ། དགུང་ལོ་བདུན་ལ་པཎ་ཆེན་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་ལ་རྒྱལ་ཚབ་རྟ་ཚག་སྐུ་གཤེགས། དེ་མོ་ཧོ་ཐོག་ཐུ་སླར་ཡང་བོད་ཀྱི་སྲིད་ཁྲིར་འཁོད། ཏཱ་ལའི་བླ་མ་མཆོག་ནས་ཡོངས་འཛིན་རྣམ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་གསན་སྦྱོང་མཐར་ཕྱིན་པར་གནང༌། དགུང་ལོ་ཉི་ཤུར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་འཕྲིན་ལས་ཀྱིས་གསང་སྟོན་པ། སྒྲུབ་ཁང་སྤྲུལ་སྐུས་དུས་བསྒོ་བ་མཛད་དེ་བསྙེན་པར་རྫོགས། ལོ་དེར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ་གྱེས་སྟོན་གཟབ་རྒྱས་སྤེལ། སྐབས་དེར་མན་ཇུ་གོང་མས་དབྱིན་ཇི་དང་འབྲེལ་བ་མཐུན་པོ་ཡོང་ཆེད་བོད་ཀྱིས་དབྱིན་འགོག་ལ་རོགས་རམ་མ་བྱུང་སྟབས་བོད་སྡོད་ཨམ་བན་དང་འབྲེལ་བ་ཇེ་སྡུག་ཏུ་གྱུར། དེར་བརྟེན་ཁོང་གིས་ཨུ་རུ་སུ་དང་འབྲེལ་བ་བྱས་ནས་དབྱིན་འགོག་བྱེད་རྒྱུའི་རེ་བ་བཅངས། སྐབས་དེར་བོད་ཀྱི་དཔོན་རིགས་རྣམས་དབང་ཆ་རྩོད་པའི་རྙོག་འཛིང་ཆེན་པོ་ཡོད་གཤིས། དགུང་ལོ་ཉེར་བཞི་ས་ཕག་སྤྱི་ལོ༡༨༩༩ལོར་རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་དང༌། ཚ་བོ་ནོར་བུ་ཚེ་རིང་། དོན་ལྡན་སོགས་ཀྱིས་བོད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་གཟུང་རྒྱུའི་རེ་བས་ཏཱ་ལའི་བླ་མའི་དགུང་སྙིང་མཚན་གསལ་བཀོད་པའི་ལིང་ག་བཅས་པ་དང༌། གནོད་གཏད་ཀྱི་རྫས་སྦྱོར་མང་པོ་ལྷ་སའི་ཕྱོགས་བཞིར་སྦས་ནས་ནད་མུག་མཚོན་གསུམ་སོགས་བཀྲ་མི་ཤིས་པའི་ལྟས་ངན་འབྱུང་རེ་ཡིས་དཔལ་སྤྲུལ་དང་ཉག་སྤྲུལ་སོགས་ལ་མངོན་སྤྱོད་ཀྱི་ཆོ་ག་མང་པོ་བསྒྲུབ་ཏུ་བཅུག་པ་དང༌དུག་སྦྱོར་གྱིས་ཏཱ་ལའི་བླ་མ་བཀྲོངས་རྩིས་བྱས་པ་མཐིལ་བརྟོལ་བྱུང་བས། དེ་དག་ལ་ཁྲིམས་ཆད་འོས་འཚམ་བཅད།   དགུང་ལོ་ཉེར་དགུ་ཤིང་འབྲུག་སྤྱི་ལོ༡༩༠༤ལོར་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ཟམ་ཁར་འབྱོར། ཏཱ་ལའི་བླ་མའི་སྐུ་འཁོར་ཧྲག་བསྡུས་བཅས་ཉེན་ཁ་ལ་གཡོལ་ཆེད་སོག་ཡུལ་དུ་ཆིབས་བསྒྱུར་གནང༌། དེའི་ཕྱི་ལོ་ཤིང་སྦྲུལ་སྤྱི་ལོ༡༩༠༥ ལོར་སོག་ཡུལ་དུ་ཆོས་འཁོར་བསྐོར་བས་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པས་ཟང་ཟིང་གི་འབུལ་བ་རྒྱ་ཆེར་བྱུང༌། དགུང་ལོ་སོ་གཅིག་ས་སྤྲེལ༡༩༠༨ལོར་ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས་ནས་མན་ཇུ་གོང་མ་ཀོང་ཤུད་དང་མཇལ་འཛོམས་བྱུང༌།  དགུང་ལོ་སོ་གཉིས་ས་བྱི་སྤྱི་ལོ༡༩༠༩ལོར་སྐུ་འབུམ་བརྒྱུད་ནས་དབུས་སུ་ཕེབས། དགུང་ལོ་སོ་གསུམ་ལྕགས་ཁྱི་སྤྱི་ལོ༡༩༡༠ལོར་༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱ་གར་ལ་ཡུལ་བྱོལ་དུ་ཕེབས། ཀ་ལོན་སྦུག་ཏུ་བཞུགས་སྐབས་མན་ཇུ་གོང་མས་སྐུ་ཕྲེང་བཅུ་གསུམ་པའི་གོ་གནས་དབྱུངས། སླར་ཡང་བོད་དུ་ཕྱིར་ལོག་ཕེབས་ནས་ཁོང་གིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ནས་ཚན་རིག་གི་ལག་ཤེས་སྤེལ་བ་དང༌། དམག་དོན་སྦྱོང་བརྡར་སོགས་ཀྱི་ཕྱག་ལས་མང་པོ་དབུ་བཙུགས། དགུང་ལོ་སོ་བརྒྱད་ཆུ་གླང་སྤྱི་ལོ༡༩༡༣ལོར་གཞུང་སྒེར་དགོན་སྡེ་སོགས་ཀྱིས་བདག་ཉར་བྱས་པའི་ས་སྟོང་རྣམས་མི་སུས་བརྐོས་ནས་ས་ཞིང་དུ་བསྒྱུར་ན་རང་མོས་སུ་བེད་སྤྱད་ཆོག་པར་མ་ཟད་ལོ་གསུམ་གྱི་རིང་ལ་ཁྲལ་འཇལ་མི་དགོས་པའི་བཀའ་བསྒྲགས་པ་སོགས་ཞིང་ལས་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཤུགས་སྣོན་མཛད། དགུང་ལོ་ཞེ་བརྒྱད་ཆུ་ཕག་སྤྱི་ལོ༡༩༢༣ ལོར་ཇ་སྡོང་འདེབས་འཛུགས་ཀྱི་ཚོད་ལྟ་གནང་སྟེ་ལས་འགོ་དངོས་སུ་བརྩམས། ལྷ་ས་གྲོང་ཁྱེར་དུ་ཉེན་སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང༌། དགུང་ལོ་ལྔ་བཅུ་ཤིང་གླང་སྤྱི་ལོ༡༩༢༥ལོར་སྦྲག་ཁང་དང་ཏར་ཁང་སོགས་གསར་འཛུགས་གནང་སྟེ་གྲིམ་འགྲུལ་དང་ཆ་འཕྲིན་ལས་ཀར་ཤུགས་སྣོན་གནང༌། དེ་རྗེས་དངུལ་ཁང་གསར་འཛུགས་བྱས་པ་སོགས་བསྟན་སྲིད་ལ་སྨན་པའི་མཛད་འཕྲིན་མང་དག་བསྐྱངས་མཐར་དགུང་ལོ་ང་བརྒྱད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ༡༩༣༣ལོའི་བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་དགུན་ཆམ་གྱི་སྙུང་གཞིས་རྐྱེན་པས་ནོར་གླིང་གཟིམ་ཆུང་འཆི་མེད་མཆོག་སྐྱིད་དུ་དགོངས་པ་གཞན་དོན་དུ་གཤེགས་སོ། །

ངག་དབང་བློ་གཏེར་བསྐལ་བཟང་ཐུབ་དབང་བསྟན། །

རྒྱ་ཆེན་དབྱར་གྱི་མཚོ་བཞིན་སྤེལ་བའི་སླད། །

འཇིགས་བྲལ་ས་གསུམ་དབང་ཕྱུག་ཕྱོགས་ཀུན་ལས། །

རྣམ་པར་རྒྱལ་བའི་སྡེ་ལ་གསོལ་བ་འདེབས། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060