སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སློབ་གཉེར་ལམ་བུ།
སྤེལ་དུས། 2017-09-21   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཧྭ་ཚེ།

          ཆུ་མོའི་རྒྱུན་བཞིན་རིང་བའི་ལོ་རྒྱུས་ཀྱི་འཕེལ་འགྲོས་ནང་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་སུ་དགེ་འདུན་པ་གསོ་སྐྱོང་བྱེད་པའི་སློབ་གསོའི་ཐད་ལ་ཐོས་བསམ་སྒོམ་གསུམ་གྱི་སློབ་གཉེར་ལམ་ལུགས་ཆ་ལག་ཅུང་ཚང་ལ་དོ་ནན་པོ་ཞིག་ཆགས་ཡོད།   དགེ་ལུགས་པ་རྣམས་ཀྱིས་སྤྱིར་མདོ་སྔགས་གཉིས་ཀ་ཟུང་སྦྲེལ་བྱས་ནས་སློབ་གཉེར་བྱ་དགོས་ལ།   མདོ་ཕྱོགས་སྔོན་དང་སྔགས་ཕྱོགས་རྗེས་སུ་སྦྱོང་དགོས་པའི་ལྟ་བ་འཛིན་པ་དང་།   སྤྲུལ་སྐུའི་ཡང་སྲིད་ཀྱི་སློབ་གཉེར་གོ་རིམ་ཡང་དེ་ལྟར་ཡིན་པར་འདོད།   པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སློབ་གཉེར་དང་དམ་ཆོས་ཉམས་ལེན་གནང་ཚུལ་སྐོར་ལ་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་རྣམས་ཀྱིས་ཐོག་མཐར་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།   རིན་པོ་ཆེ་མཆོག་གི་བགྲང་བྱ་ལྔ་ཙམ་གྱི་སློབ་གཉེར་ལམ་བུའི་ཐོག་གི་དུས་རིམ་འགའ་ནི་ཤིན་ཏུ་གལ་འགངས་ཆེ་བར་སྣང་བ་སྟེ།

          དགེ་ཚུལ་གྱི་སྡོམ་པ་བཞེས་པ།    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གསེར་བུམ་དཀྲུག་འདོན་བྱས་ནས་ཡང་སྲིད་ལ་ངོས་འཛིན་ཞུས་རྗེས་དབུ་སྐྲའི་གཙུག་ཕུད་བཞེས་ནས་སངས་རྒྱས་བསྟན་པའི་སྒོ་རུ་བཞུགས་པ་དང་།     ལོ་ཕྱེད་ཙམ་རིང་དམ་ཆོས་གསུང་རབ་ལ་སྦྱངས་བརྩོན་གནང་མཐར།   1996ལོའི་སྤྱི་ཟླ་6ཚེས་1ཉིན་ཏེ་བོད་མེ་བྱ་ལོའི་ཟླ་4ཚེས་15ཉིན་སྐུ་ཉིད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་སྡོམ་གཙང་མཁྱེན་རྒྱ་ཆེ་བའི་བླ་མའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་དངོས་སུ་བཞེས་པ་རེད།

          དེ་ཉིན་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དུས་ཆེན་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ་བདག་ཅག་སྟོན་པ་སྐུ་བལྟམས་པ་དང་།   སངས་རྒྱས་པ།   མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཀྱི་ཚེས་བཟང་ཡིན།    སྐྱ་རེངས་ཆུ་ཚོད་5དང་ཕྱེད་ཀར་བཀྲས་ལྷུན་དགོན་གྱི་དགེ་འདུན་པ་བརྒྱ་ཕྲག་འགའ་ཚོགས་ཆེན་འདུ་ཁང་གི་ཚོམས་ཆེན་ནང་འཛོམས་ཏེ་ངག་ནས་སྨོན་ལམ་འདོན་པ་དང་ཕྱག་གི་ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྡོམ་པ་བཞེས་པའི་མཛད་སྒོ་ལ་བཀྲ་ཤིས་རྟེན་འབྲེལ་དང་བགེགས་མེད་ལ་མ་ལྷོང་ཡོང་བའི་གསོལ་བ་འདེབས་བཞིན་མཆིས།  སྔ་དྲོའི་ཆུ་ཚོད་6དང་ཕྱེད་ཀར་ད་ཐེངས་ཀྱི་སྡོམ་པ་བཞེས་མཁན་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དགའ་ལྡན་ཁྲི་ཚབ་འབྲོག་མི་བྱམས་པ་བློ་གྲོས་དང་།  སློབ་དཔོན་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན།  བཀྲས་ལྷུན་དགོན་པའི་མཚན་ཉིད་གྲྭ་ཚང་གི་ཀ་ཆེན་ཤེས་རབ་ཆོས་དར་ལ་སོགས་པའི་མཁྱེན་རྒྱ་ཡངས་པའི་སེར་མོ་བ་བཅུ་གཅིག་ཚོགས་ཆེན་གྱི་མཆོད་ཁང་དུ་བྱོན་ནས་འདི་རུ་བཀུར་བའི་བདག་ཅག་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཡི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་ཆོ་ག་བཤམས།

          ཉི་དྲོད་དུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སླར་ཡང་ཚོགས་ཆེན་གྱི་འདུ་ཁང་དུ་ཕེབས་ནས་ཚོམས་ཆེན་གྱི་མདུན་ངོས་སུ་བཞེངས་པའི་པཎ་ཆེན་རིམ་བྱོན་གྱི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཐེངས་དང་པོ་བཞུགས་ནས་ཚོགས་རའི་སྨོན་ལམ་ཞལ་འདོན་གྱི་དབུ་མཛད་གནང་བ་རེད།  ཆུ་ཚོད་གསུམ་ལྷག་ཙམ་རིང་སྨོན་ལམ་དང་སྐྱབས་འགྲོ་སོགས་པའི་ཆོས་དབྱངས་གྱེར་མཚམས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྡོམ་བཞེས་མཛད་སྒོའང་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

          གསང་སྔགས་ཀྱི་བཀའ་དབང་ཞུ་བ།    1998ལོའི་ཟླ་6ཚེས་1ཉིན་ཏེ་བོད་ཟླ་4ཚེས་7ཉིན་ནི་བོད་བརྒྱུད་ནང་བསྟན་ལ་ལྟོས་ན་བཀྲ་ཤིས་པའི་ཉིན་མོ་ཞིག་རེད།   དེ་ཉིན་པེ་ཅིན་གྱི་དགོན་སེར་ནུབ་མར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་གི་ཁྲི་པ་བླ་མ་འཇམ་དབྱངས་རྒྱ་མཚོའི་དྲུང་ནས་གསང་སྔགས་ཀྱི་བཀའ་དབང་ཐོག་མ་ཞུས་གནང་བ་རེད།     འཇམ་དབྱངས་རྒྱ་མཚོ་ནི་དགེ་བཤེས་ཡིན་པ་མ་ཟད།    མདོ་སྔགས་ཟུང་ལ་མཁས་ཁར་གསང་སྔགས་ཕྱོགས་ལ་མཁྱེན་རྒྱ་རབ་ཏུ་རྒྱས་པ་དང་ཆོས་བརྒྱུད་ཁུངས་དག་ལ་བཙུན་པར་སྣང་།   ཁོང་སྐུ་ན་གཞོན་དུས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་གུང་ཐང་རིན་པོ་ཆེ་རྣམ་གཉིས་དང་ལྷན་དུ་བླ་བྲང་དགོན་གྱི་གསང་སྔགས་ཀྱི་གདམས་ངག་ཞུས་གནང་མྱོང་ཡོད་པས་དེ་ནི་དྲི་བྲལ་ཆོས་ཀྱི་རྒྱུན་པ་གཅིག་ཤུལ་གཅིག་འཛིན་བྱས་པ་རང་ཡིན།

          རྩོད་པའི་རིག་པར་སྦྱོང་བ།   དགེ་ལུགས་པ་རྣམས་ཀྱིས་ཆོས་ལ་རྩོད་པ་དང་མཐའ་དཔྱོད་བྱ་རྒྱུར་མཐོང་ཆེན་པོ་བྱས་ནས་དགེ་འདུན་པ་ཚོ་རྒྱུན་དུ་རྩོད་པ་སློབ་ཀྱི་ཡོད།   དེ་ཡང་ཚད་མའི་ནང་གི་རྩོད་གཞི་དང་།   གསལ་བ།   རྟགས་བཅས་པའི་གཏན་ཚིགས་དང་ལྡན་པའི་རྗེས་དཔག་བྱེད་ཐབས་ལ་བརྟེན་ནས་སངས་རྒྱས་བསྟན་པའི་ཆོས་ལ་བསྲེགས་བཅད་བརྡར་གསུམ་བྱས་ཏེ་དམ་ཆོས་ཀྱི་སྙིང་བོ་རྩོད་སྒྲུབ་བྱེད་ཀྱི་ཡོད།

          རྟགས་གསལ་གཏོང་བ་དེ་ཡང་དགེ་འདུན་པ་ཚོས་ཆོས་ཀྱི་ཕྱོགས་མང་པོ་ཞིག་ཉམས་ལེན་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན།   དམ་བཅའ་འཇོག་མཁན་གྱི་ངོས་ནས་བཤད་ན།   མཐའ་དཔྱོད་གཏོང་རྒྱུའི་དོན་དེར་བསམ་མནོ་རྩེ་གཅིག་ཏུ་གནས་དགོས་པ་དང་།   རིག་པ་གྲུང་ལ་ཚོར་བ་སྐྱེན་པོ་དགོས་ལ།   ཁོང་ཡངས་བཟོད་ཆེ་བའི་གཤིས་རྒྱུད་ཀྱང་དགོས་ཏེ་ཕྱི་རྒོལ་གྱིས་དྲི་བ་ཇི་ལྟར་བཀོད་ཀྱང་ཁོང་ཁྲོ་ལངས་མི་ཉན་ལ།    རྟགས་གསལ་རྩོད་པའི་དབང་གིས་ཕན་ཚུན་འཁོན་འགྲས་བྱུང་བའི་གནས་ཚུལ་གཏན་ནས་ལྷགས་མི་ཉན།   ཁྲི་ཐོག་ནས་བཞུགས་པའི་སྤྲུལ་སྐུ་ཡང་དེ་ལྟར་ལགས།

          སྒོམ་སྒྲུབ་ཉམས་ལེན་བྱེད་པ།   སྒོམ་སྒྲུབ་བྱ་རྒྱུ་ནི་གསང་སྔགས་སློབ་གཉེར་བྱེད་སྟངས་ཤིག་རེད།   པཎ་ཆེན་མཆོག་གསང་སྔགས་ཀྱི་བཀའ་དབང་ཞུས་རྗེས་སྒོམ་སྒྲུབ་ཉམས་ལེན་ཐེངས་མང་གནང་ཡོད།   2000ལོའི་ཟླ་11པར་ཟླ་བ་གཅིག་ལ་ཉེ་བ་སྒོམ་ལ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་པ་དེ་ནི་ཁོང་གི་ངོས་ནས་བཤད་ན་དུས་ཚོད་ཅུང་རིང་བའི་སྒོམ་སྒྲུབ་ཉམས་ལེན་བྱེད་ཐེངས་ཤིག་རེད། སྐུ་ཉིད་ཀྱིས་འཇིགས་བྱེད་ལྷ་བཅོ་གསུམ་པ་དང་དམ་ཅན་ཆོས་རྒྱལ་གྱི་མངོན་རྟོགས་ཐུགས་ལ་སྒོམ་བཞིན་སྔགས་སྙེན་བཞིན་བཞུགས།   ཡོངས་འཛིན་གྱིས་ངོ་སྤྲོད་གནང་བ་ལྟར་ན།     སྒོམ་སྒྲུབ་ཉམས་ལེན་ཐུགས་གྲ་ལེགས་འགྲིག་བྱུང་བས་སླད་ཕྱིན་དགེ་ཕྲུག་ཚོར་གསང་སྔགས་སློབ་ཁྲིད་གནང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཐུབ་ཡོད་པས་མ་ཟད།    པཎ་ཆེན་མཆོག་སྐུ་ཉིད་རང་གི་བློ་གྲོས་དང་ཤེས་རབ་འཕེལ་བར་ཡང་ཕན་པ་ཤིན་ཏུ་ཆེ་བ་རེད།

          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཡང་སྲིད་ལ་ངོས་འཛིན་བྱུང་མ་ཐག་སྐུ་ཉིད་ཀྱི་དཔེ་བྱད་ཤིན་ཏུ་ལེགས་པོ་ཡོད་ལུགས་སྐོར་གླེང་མཁན་མང་།    དེ་ཡང་འབྲོག་ཁུལ་དུ་འཁྲུངས་ལ་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་དགུང་ལོ་དྲུག་ལ་སོན་མ་ཐག་པའི་འབྲོག་ཕྲུག་ཅིག་གིས་ཆོས་ཁྲིར་མངའ་གསོལ་མཛད་སྒོའི་ཐོག་ཆོས་ཁྲིའི་སྟེང་མི་འགྱུར་རྡོ་རྗེ་བཞིན་དུ་ཚུགས་ཀ་བརྟན་པོར་ཆུ་ཚོད་འགའ་ཤས་བཞུགས་ཐུབ་པ་ནི་ངོ་མཚར་ཆེ་བ།
          པེ་ཅིན་དུ་ཧྲུའུ་ཅི་ཅང་ཙེ་རྨིན་དང་མཇལ་འཕྲད་གནང་སྐབས་ཡང་མི་དྲག་མང་པོ་འདུས་ལ་རྔམ་བརྗིད་ཆེ་བའི་ཁོར་ར་ཁོར་ཡུག་འདིའི་ནང་འཚབ་འཚུབ་འཇིགས་སྣང་སྤུ་ཙམ་མེད་པའི་ཚུལ་ནི་ལོ་བཅུ་དྲུག་དང་ལོ་ཉེར་དྲུག་སོན་པའི་སྐྱེ་བོར་ཡང་མངའ་དཀའ་མོད།   སྐུ་ཉིད་ཀྱིས་བབ་བརླིང་པོར་བཞུགས་ལ་བོད་སྐད་དང་མཁྱེན་མ་ཐག་པའི་རྒྱ་སྐད་ཚིག་འགས་ཀྲུའུ་ཞིག་ཅང་ཙེ་རྨིན་ལ་ཐུགས་རྗེ་ཆེ་ཞུས་གནང་ཐོག་བག་ཕེབས་པོའི་ངང་གླེང་མོལ་ལྷུག་པོར་གནང་བ་དེའང་ངོ་མཚར་ཆེ་བར་སྣང་།

          དམ་ཆོས་སླེབ་གཉེར་གནང་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སློབ་སྦྱོང་གནང་བར་ཧ་ཅང་མཉེས་པོ་ཡོད་དེ་ཉིན་ལྟར་སྦྱངས་བརྩོན་ལྷོད་མེད་གནང་བ་མ་ཟད།  ནམ་རྒྱུན་དུ་སྔ་དགོང་ཞལ་འདོན་རྒྱུན་མི་ཆད་པ་གནང་ནས་ལེ་ལོའི་དབང་དུ་གཏན་ནས་མ་གྱུར་བ་གནང་གི་ཡོད།   བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་དཔྱོད་ལྡན་མཁས་དབང་གིས་དུས་རབས་ཀྱི་འཁོར་ལོ་མདུན་དུ་རྒྱུགས་ལ་སྤྱི་ཚོགས་ཀྱང་འཕེལ་རྒྱས་འགྲོ་བཞིན་པས་བོད་བརྒྱུད་ནང་བསྟན་ཡང་འཕེལ་རྒྱས་ཀྱི་ཆོས་ཉིད་འདི་དང་མཐུན་པ་དགོས་རྒྱུ་དང་།    དགེ་འདུན་པ་དང་སྤྲུལ་སྐུ་མི་རབས་གསར་པ་རྣམས་ལ་ཡོན་ཏན་གསར་པ་འཛོམས་དགོས་ལ་མིག་རྒྱང་གསར་པ་ཡང་མངའ་དགོས་ངེས་ཡིན་པའི་ངོས་འཛིན་གནང་གི་ཡོད།   བགྲང་བྱ་ལྔ་ཡི་རིང་ལ་བཀྲས་ལྷུན་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཡོངས་འཛིན་མིག་དམར་སྲིད་དར་དང་ཀ་ཆེན་ཚེ་རིང་ལ་སོགས་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གསོ་སྐྱོང་གནང་རྒྱུར་སེམས་ནུས་ཡོད་རྒུ་འདོན་བཞིན་ཡོད།   ཁོང་ཚོས་སྲོལ་རྒྱུན་གྱི་སློབ་གཉེར་བྱེད་ཐབས་དང་དེང་རབས་ཀྱི་སློབ་གསོ་ཟུང་འབྲེལ་གནང་སྟབས་པཎ་ཆེན་མཆོག་སློབ་ཆུང་འགྲིམས་གནང་མྱོང་མེད་ཀྱང་ད་ཆ་བོད་ཡིག་དཔེ་དེབ་ལྟ་ཀློག་ཆུ་རྒྱུག་རྒྱུག་གནང་ཐུབ་ལ།   སུམ་ཅུ་པ་ཆ་ཚང་པ་སློབ་གཉེར་ཟིན་ཁར།   བོད་ཡིག་ཡིག་གཟུགས་སྦྱངས་གནང་ཡོད།   རིན་པོ་ཆེའི་མཁྱེན་རྒྱ་ཡངས་པོར་ཡོང་ཆེད།   དགོན་པས་ཁོང་ལ་རྒྱ་ཡིག་དང་ཨང་རྩིས་སློབ་ཚན་བཀོད་སྒྲིག་ཞུས་ནས་ད་ཆ་སློབ་ཆུང་ལོ་རིམ་ལྔ་པའི་རྒྱ་ཡིག་སློབ་དེབ་དང་ལོ་རིམ་དྲུག་པའི་ཨང་རྩིས་སློབ་དེབ་བར་སྦྱངས་གྲུབ་ཡོད།   ཡོངས་འཛིན་གྱིས་“པཎ་ཆེན་མཆོག་སྦྱངས་བརྩོན་ཆེ་ལ་བློ་རིག་ཤིན་ཏུ་བ་ཀྲ་བས་སྡོམ་འཐེན་སྒྱུར་བགོ་སོགས་པའི་ཨང་རྩིས་གཅིག་ཤེས་ཀུན་གྲོལ་རེད་འདུག     ཁོང་ཉིད་ཀྲུང་གོའི་ལོ་རྒྱུས་དང་།  བོད་ཀྱི་ལོ་རྒྱུས།    རང་བྱུང་ཚན་རིག་ཤེས་བྱ་སོགས་ཀྱང་མཁྱེན་འདོད་ཀྱི་ཐུགས་མོས་ཆེ །     ན་ནིང་སྐུ་ཉིད་ཀྱིས་གློག་ཀླད་སྦྱོང་འདོད་ཡོད་ཚུལ་གསུངས་ལ་ད་ཆ་སྤྱིར་བཏང་གི་བཀོལ་སྤྱོད་བྱེད་སྟངས་མཁྱེན་གྱི་ཡོད་”ཅེས་གསུངས་བྱུང་།

          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ངོས་འཛིན་ཞུས་ནས་ཆོས་ཁྲིར་མངའ་གསོལ་བྱས་རྗེས་ཁོང་ལ་གོང་བཀུར་གནང་མཁན་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་སྤྲུལ་སྐུ་དང་།   སྐྱེས་ཆེན་དམ་པ།   དད་ལྡན་ཇེ་མང་དུ་འགྲོ་བཞིན་ཡོད།

          1996ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཀྲས་ལྷུན་དགོན་དུ་སྡོམ་བཞེས་ཆོ་ག་བཤམས་རྒྱུ་ཡིན་ཚུལ་ཐོས་འཕྲལ།    ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་།   བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཕག་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་།     བོད་ལྗོངས་དང་བོད་ཁུལ་གཞན་གྱི་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་བླ་ཆེན་འཇམ་དབྱངས་བློ་བཟང་འགྱུར་མེད་དང་།   ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ།    བསམ་སྡིངས་རྡོ་རྗེ་ཕག་མོ།   གཡུང་དྲུང་དགའ་བ།   ཚེ་སྨོན་གླིང་བ་སོགས་པ།    བོད་ལྗོངས་དང་བོད་ཁུལ་གྱི་དགོན་སྡེ་ཆེ་ཁག་གི་དམངས་གཙོ་དོ་དམ་ཨུ་ལྷན་གྱིས་མངགས་པའི་འཐུས་མི་བཅས་བཀྲས་ལྷུན་དགོན་དུ་ཕེབས་ནས་པཎ་ཆེན་མཆོག་ལ་འཇལ་དར་དང་འབུལ་རྟེན་ཕུལ་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་པ་མ་ཟད།   སྒོ་གསུམ་འདུད་པའི་སྐུ་ཕྱག་ཀྱང་ཕུལ་བ་རེད།

          1999ལོའི་ཟླ་6པར་པཎ་ཆེན་མཆོག་ལྷ་སར་གནས་འཇལ་གྱི་ཞབས་སོར་བཀོད་པས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།   ར་ས་གཙུག་ལག་ཁང་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་དང་དད་ལྡན་མང་ཚོགས་མང་པོ་པཎ་ཆེན་ཞལ་འཇལ་དང་ཕྱག་དབང་ཞུ་བར་བྱོན་ཡོད།   རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་པཎ་ཆེན་གྱི་བཞུགས་གནས་ཞོལ་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུ་ཞུ་བར་ཕེབས་པ་རེད།    འབྲས་སྤུངས་དགོན་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་དབང་ཕྱུག་གིས་“པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཆོས་ཁྲིར་མངའ་གསོལ་ཞུས་ཚུན་དུ་དགོས་ངེས་ཀྱི་ཆོས་ཕྱོགས་བྱེད་སྒོ་འགའ་ལ་ཞུགས་པ་ཕུད་རྒྱུན་དུ་ནང་ཆོས་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་གི་ཡོད།   དེ་རིང་སྐུ་ཉིད་ལྷ་སར་ཞབས་སོར་བཀོད་པས་ང་ཚོར་རང་ཉིད་ཀྱི་ཆོས་ཕྱོགས་གཙོ་འཛིན་མཇལ་སྐལ་བྱུང་སྟབས་ཡིད་ལ་སྤྲོ་བ་རབ་ཏུ་འཕེལ་བྱུང་”ཞེས་ཟེར།

          ལོ་དེ་གའི་བོད་ཟླ་4ཚེས་15ཉིན།    པཎ་ཆེན་གྱིས་བཀྲས་ལྷུན་དགོན་པར་ཆོས་ཀྱི་ཆོ་ག་སྤེལ་རྗེས་ཕོ་བྲང་གསར་པར་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ་རེད།   མང་ཚོགས་ཚོས་ཕྱག་ཏུ་འཇལ་དར་བཟུང་རྒན་སྐྱོར་གཞོན་ཁྲིད་ཀྱིས་ཕྱོགས་དེར་འཛོམས་ནས་ཕྱག་དབང་ཞུ་བའི་རུ་བསྟར་སྤྱི་ལེ་གཉིས་ཙམ་སྒྲིག་འདུག

          ནང་བསྟན་ཆོས་ཕྱོགས་སུ་སྤྱོད་གྲགས་གཉིས་ལྡན་གྱི་སྐུ་ཞབས་ཀྲའོ་ཕུའུ་ཁྲུའུ་ཉིད་སྐུ་གཟུགས་མི་བདེ་བའི་རྐྱེན་གྱིས་བོད་དུ་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཆོས་ཁྲི་མངའ་གསོལ་གྱི་མཛད་སྒོར་ཞུགས་ཐུབ་མེད་མེད།   འོན་ཀྱང་ཁོང་གིས་བརྙན་འཕྲིན་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐུས་མི་ལུའོ་ཀན་གྱིས་གཙོ་སྐྱོང་གནང་བའི་གསེར་བུམ་དཀྲུག་འདོན་གྱི་ཆོ་ག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐུས་མི་ལི་ཐེ་དབྱིང་གིས་གཙོ་སྐྱོང་གནང་བའི་ཆོས་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་གཟིགས་རྗེས་ཁོང་ཉིད་སྤྲོ་བ་རབ་ཏུ་འཕེལ་བཞིན་དུ་“དེ་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དང་རྦད་དེ་མཐུན་ཡོད་པས་ཡག་པོ་ཞེ་དྲགས་བྱུང་སོང་”ཞེས་གསུངས་པ་མ་ཟད།    ཤིས་བརྗོད་གློག་འཕྲིན་ཡང་བཏང་གནང་བ་རེད།    རྗེས་སུ་པེ་ཅིན་ཀོང་ཅི་དགོན་དུ་ཁོང་པཎ་ཆེན་ཞལ་འཇལ་བྱུང་བས།    ཁོང་དགྱེས་ཚོར་ཆེན་པོས་“པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུ་ཡི་ཉམས་འགྱུར་དང་བཞིན་གྱི་རྣམ་འགྱུར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་གཉིས་སུ་མ་མཆིས་ཤིང་།   ཁོང་གི་ཡང་སྲིད་འཁྲུལ་མེད་ཞིག་ཡིན་པས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་སེར་སྐྱ་མང་ཚོགས་ཚོས་གཉིས་སུ་མ་མཆིས་ཤིང་།    ཁོང་སྤྱི་བོར་བཀུར་བ་ནི་འོས་ཤིང་འཚམ་པ་སྨོས་མེད་རེད།   སྐྱེ་འཕོའི་ཡང་སྲིད་དུ་བྱོན་པའི་གྲོགས་པོ་རྙིང་པ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ང་ཚོས་སྔར་རྒྱུན་བཞིན་མཉམ་ལས་ཟོལ་མེད་བྱེད་ངེས་ཡིན།   གུས་པས་ཡིད་བཞིན་གཤེགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་དགོངས་པ་འཛིན་སྐྱོང་སྤེལ་གསུམ་གནང་ནས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་སློབ་གཉེར་ཟབ་སྦྱོང་དང་།   རིག་སྟོབས་མྱུར་འཕེལ་ཡོང་བར་འབད་ནས་དམ་ཆོས་དར་སྤེལ་གནང་རྒྱུ་དང་སེམས་ཅན་ཐམས་ཅད་བདེ་བར་འགོད་རྒྱུ་ཁུར་དུ་བཞེས་ཏེ་བོད་ཀྱི་སེར་སྐྱ་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་འབུལ་ངེས་པར་ཡིད་ཆེས་བརྟན་པོ་ཡོད་”ཅེས་གསུངས།

          རྒྱལ་ཁོངས་ཕྱི་ཡི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་སྤྲུལ་སྐུ་དང་དད་ལྡན་པ་ཚོ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཞལ་འཇལ་ཞུ་འདོད་ཆེན་པོ་ཡོད།   མོང་གོལ་གྱི་བླ་མ་གུ་རུ་བདེ་བ་མཆོག་གིས་རང་གི་དགེ་ཕྲུག་ཁྲིད་ནས་ཆེད་མངགས་ཀྲུང་གོའོ་བོད་ཡིག་ཚན་པའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་པཎ་ཆེན་མཆོག་མཇལ་བར་ཕེབས་པ་དང་།    དབྱི་ཐ་ལི་ལ་ཡུན་རིང་བཞུགས་པའི་བོད་བརྒྱུད་ནང་བསྟན་གྱི་གང་ཅན་རིན་པོ་ཆེ་ཡང་རྒྱལ་ནང་དུ་བྱོན་པའི་གོ་སྐབས་དང་བསྟུན་ནས་དགེ་ཕྲུག་ཚོགས་འཁོར་ཁྲིད་དེ་པཎ་ཆེན་མཇལ་བར་ཕེབས་མྱོང་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716