སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་ཡིག་མཁན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ།
སྤེལ་དུས། 2017-08-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།

ཁམས་པའི་བརྙན་འཕྲིན་ཁང་དུ་འཆད་ཁྲིད་གནང་བཞིན་པ།

ཁོང་གི་ཡིག་གཟུགས།

ཁོང་གི་ཡིག་གཟུགས།
          ཁོང་ནི༡༩༤༥ལོར་སྐུ་འཁྲུངས། ༡༩༦༠ལོ་ནས་སློབ་ཆུང་དགེ་རྒན་གནང་། ༡༩༨༠ལོ་ནས་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དགེ་རྒན་དང་། ༡༩༨༥ལོ་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན། བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་རིམ་པའི་སློབ་གསོའི་རུ་ཁག་གི་སྣེ་ཁྲིད་པ། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་གདན་ཞུས་ཞིབ་འཇུག་པ། བོད་རང་སྐྱོང་ལྗོངས་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་རྩོམ་པ་པོ་ལྷན་ཚོགས་བོད་ཡན་ལག་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་ཐུགས་འགན་བཞེས། ༢༠༠༦ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས་ཁོང་ལ་རྒྱལ་ཁབ་རིམ་པའི་གྲགས་ཅན་དགེ་རྒན་གྱི་མཚན་གནས་སོགས་རྒྱལ་ཁབ་དང་། ཞིང་ཆེན། ལྗོངས་རིམ་པའི་གཟེངས་རྟགས་དང་མཚན་སྙན་མང་པོ་ཕུལ་ཡོད།

ཁོང་གི་ཡིག་གཟུགས།

ཁོང་གི་ཡིག་གཟུགས།

ཁོང་གི་ཡིག་གཟུགས།

ཁོང་གི་ཡིག་གཟུགས།
          ཁོང་གིས་མི་ལོ་ལྔ་བཅུ་ལྷག་ཙམ་རིང་སྒོ་གསུམ་གཡེང་མེད་བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་དམིགས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་འབོར་ཆེན་གསོ་སྐྱོང་གནང་བ་རྣམས་རང་རང་ལས་གནས་ཐོག་གཙོ་ཤུགས་ཀྱི་ནུས་པ་འདོན་བཞིན་པ་ཡིན་ལ། སློབ་མ་མི་ཉུང་བ་ཞིག་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན་སོགས་བྱེད་བཞིན་པ་ཡིན། སློབ་ཁྲིད་ཀྱི་ཞར་ལ་བོད་རིག་པའི་ཞིབ་འཇུག་ཀྱི་ལས་ཀ་རྒྱུན་འཁྱོངས་གནང་སྟེ། བརྗོད་བྱ་ཟབ་ཅིང་རྒྱ་ཆེ་ལ། རྗོད་བྱེད་གསལ་དག་སྙན་གསུམ་དང་ལྡན་པའི་སྙན་ངག་གི་སློབ་དེབ་ལེགས་བཤད་གཏེར་བུམ་དང་། བོད་ཀྱི་སྤྱི་སྐད་སློབ་དེབ། བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་ཞེ་སའི་ལག་དེབ་བློ་གསལ་དགའ་སྟོན། བོད་ཀྱི་ཡུལ་སྲོལ་རྣམ་བཤད་བཅས་ལྗགས་རྩོམ་མཛད། དེ་བཞིན་དུ་སྙན་སུམ། རྩོམ་རིག སྡེབ་སྦྱོར་སོགས་ཀྱི་སྐོར་ལ་རིག་པའི་ཟིལ་ཤུགས་ཆེ་ལ། གོ་བདེ་ཞིང་ཁུངས་བཙུན་པའི་དཔྱད་རྩོམ་མི་ཉུང་བ་བརྩམས་པ་རྣམས། རྡོ་དགོན་གསང་བདག་རྡོ་རྗེའི་དཔྱད་རྩོམ་ཕྱོགས་སྒྲིག ཅེས་པར་གསལ། གཞན་ཡང་ཡིག་གཟུགས་ཐད། བོད་ཀྱི་ཡིག་གཟུགས་ཀྱི་ལྟ་དཔེ། ཞེས་པ་དང་། བསྒྱུར་རྩོམ་ལ། བྱིས་སྒྲུང་གྲགས་ཅན་ལྔ་སོགས་པར་སྐྲུན་བྱས་ཡོད་པར་ཆེད་ལས་མཁས་དབང་གི་གཙོས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཡི་རངས་དང་། བསྔགས་པ་རྒྱ་ཆེར་ཐོབ། ད་ལྟ་ཁོང་ཉིད་སྐུ་ན་སྨིན་ཆེས་ཀྱང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་འབྱུང་ཆེད་ཐུགས་ནུས་ཡོད་རྒུ་འདོན་བཞིན་པ་ལ་ང་ཚོས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ་བ་ལགས་སོ། །
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716