
གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་སྤེལ་བཞིན་པའི་ཡུལ་དངོས།
 བགྲོ་གླེང་གི་གཙོ་གཉེར་པ་ཁོ་བསྟན་ལགས་ཀྱིས་མདོ་འཛིན་བྱེད་བཞིན་པ།
ཟླ11བའི་ཚེས5ཉིན། གངས་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་གངས་སྒྲ་བརྙན་བོད་གཞས་བགྲོ་གླེང་སྐབས་དང་པོ་རེབ་གོང་གསེར་མོ་ལྗོངས་སུ་ཚོགས། བགྲོ་གླེང་ཚོགས་འདུའི་སྟེང་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་དང་། དབྱངས་རྩོམ་པ་པོ་འཇམ་བྷེ། ཚེ་རིང་པ་སངས། ཚིག་རྩོམ་པ་པོ་འབྲུག་ལྷ་རྒྱལ། བཀྲ་ཤིས་རྡོ་རྗེ། རོལ་མོ་བ་ཨ་ཏི་དང་ཁོ་བསྟན། རྡུང་ལེན་པ་གྲགས་ཅན་དཔལ་མགོན། རྨ་ཆུའི་བསམ་གཏན། གླུ་བ་སྒྲོལ་མ་སྐྱབས་དང་སྒྲོལ་བྷེ། རིག་འཛིན་སྒྲོལ་མ་སོགས་ཞུགས་ཡོད་ཅིང་། བོད་ཀྱི་སྙན་ངག་པ་ཁྱུང་ཐར་རྒྱལ་དང་དགའ་བདེ་ཚེ་རིང་སོགས་མི་ཉི་ཤུ་ལྷག་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད། ཚོགས་འདུའི་སྟེང་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས་གཙོས་པའི་སྒྱུ་རྩལ་པ་དང་གླུ་བ་དག་གིས་ཕ་སྐད་སྲུང་འཛིན་དང་སྒྱུ་རྩལ་པའི་འགན་འཁྲི་སོགས་ལས་འཕྲོས་ཏེ་བོད་ཀྱི་རིག་གནས་སྤྱི་དང་། བྱེ་བྲག་ཏུ་གཞས་གདངས་དང་གླུ་ཚིག གར་ཉམས་སོགས་ཀྱི་རྒྱུན་འཛིན་དང་དར་སྤེལ་སྐོར་ལ་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་པ་རེད།
|