
གློག་བརྙན༼བསོད་ལྷ༽ཕབ་སྐྲུན་བྱེད་བཞིན་པ།
ཉེ་ཆར། གཞོན་སྐྱེས་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན༼བསོད་ལྷ༽ཞེས་པ་དེ་ཨ་མདོ་རྔ་བ་རྫོང་གི་གསེར་མཛོད་སྡེ་བ་རུ་ཕབ་སྐྲུན་ལེགས་འགྲུབ་བྱུང་འདུག
གློག་བརྙན་འདི་ནི་བོད་ཀྱི་ཡུལ་སྡེ་ཕལ་བ་ཞིག་ཏུ་བྱུང་བའི་ཕོ་མོའི་བར་གྱི་ཡ་ང་བའི་བརྩེ་དུང་བརྗོད་གཞིར་བྱས་པའི་གཏམ་རྒྱུད་ཅིག་ཡིན་ལ། ཨ་མདོ་རྔ་བའི་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་རྩྭ་ཉག་ཆུ་ཕྲན་རེ་རེའི་རང་དྲི་ངོ་མ་དེས་གློག་བརྙན་གང་དེར་འོད་མདང་མི་དམན་པ་བསྩལ་ཡོད། གློག་བརྙན་འདིའི་ཕབ་སྐྲུན་ཚོགས་པ་ནི་པེ་ཅིན་གྱི་གློག་བརྙན་སློབ་གྲྭ་སོ་སོའི་མཐར་ཕྱིན་དང་མ་ཕྱིན་པའི་སློབ་མ་དང་དགེ་རྒན་སོགས་ཆེད་ལས་མི་སྣ་སུམ་ཅུ་ལྷག་གིས་གྲུབ་ཡོད་ཅིང་། ཁྱད་དུ་འཕགས་པའི་འཁྲབ་སྟོན་པ་དང་ཆེད་ལས་ཀྱི་ཕབ་སྐྲུན་མི་སྣ། རྔ་བ་རྫོང་མི་དམངས་སྲིད་གཞུང་།རྫོང་ཡུལ་སྐོར་ཅུས་སོགས་ཀྱིས་མཐུན་རྐྱེན་རོགས་སྒྲུབ་འོག་ལས་སྒོ་ཀུན་ནས་བཙུགས་པའི་གློག་བརྙན་ཞིག་ཡིན།
འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་གློག་བརྙན༼བསོད་ལྷ༽ཕབ་སྐྲུན་མགོ་རྩོམ་པའི་མཛད་སྒོར་གཏམ་བཤད་གནང་བཞིན་པ།
གློག་བརྙན་འདིའི་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་ལས་འགན་གཅིག་ལྕོགས་སུ་གནང་མཁན་ཨ་སྒང་ཡར་རྒྱས་ནི་༡༩༩༡ལོར་མདོ་སྨད་རྔ་བ་རུ་སྐྱེས་ཤིང་། ཁོ་རང་སྔ་གཞུག་ཏུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དང་ཁུལ་མཐོ་འབྲིང་སོགས་ནས་སློབ་མཐར་ཕྱིན་ཞིང་། ད་ལྟ་པེ་ཅིན་གློག་བརྙན་སྒྱུ་རྩལ་སློབ་གླིང་དུ་འཁྲབ་ཁྲིད་ཆེད་ལས་ལ་སྦྱོང་གིན་ཡོད།ཁོ་རང་གིས་སློབ་ཆེན་ལོ་རིམ་དང་པོའི་སྐབས་འཁྲབ་ཁྲིད་གནང་བའི་བརྙན་ཐུང་༼ལམ་གྱི་རྨི་ལམ༽ཞེས་པ་དེར་ཞིས་ཁོའུ་ཡུལ་སྐོར་བུམ་པའི་འཁྲབ་གཞུང་འགྲན་སྡུར་གྱི་ཨང་གཉིས་པ་དང་།༢༠༡༤ལོའི་སློབ་གླིང་བརྙན་ཐུང་འགྲན་སྡུར་ཁྲོད་འཁྲབ་ཁྲིད་པ་རྩེ་གྲ་དང་ལྟད་མོ་བས་ཆེས་དགའ་བསུ་ཐོབ་པའི་གློག་བརྙན།སྐབས་ལྔ་བའི་སྒྱུ་རྩལ་བརྩམས་ཆོས་འགྲན་སྡུར་ཁྲོད་ཨང་དང་པོ།ཅིན་ཧྲན་ཡེ་བརྙན་ཐུང་འགྲན་སྡུར་དང་། ༢༠༡༤ལོའི་ཧྲང་ཧེ་བརྙན་འཕྲིན་འགྲན་སྡུར།པེ་ཅིན་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་གཟིགས་འགྲེམས་སོགས་ཀྱི་དངོས་གཞིའི་ནང་བདམས་ཐོན་བྱུང་བ།༢༠༡༤ལོར་ཕབ་སྐྲུན་ཚོགས་ཆུང་གི་མི་སྣ་གཙོ་གྲས་དག་ཁྲིད་ནས་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ནང་ཚན།བརྙན་ཐུང་འགྲན་སྡུར་གྱི་གཟེངས་བསྟོད་ཚོགས་འདུའི་གདན་དམར་ལ་ཞབས་ཐང་དུ་བསྐྱོད་ཡོད།

གློག་བརྙན༼བསོད་ལྷ༽ཕབ་སྐྲུན་བྱེད་བཞིན་པ།
ཁོ་ནི་ད་ལྟའི་ཆར་བོད་ཀྱི་དགུ་བཅུའི་རྗེས་ཀྱི་དོ་སྣང་ཆེ་ཡུལ་དང་གཟེངས་བསྟོད་རག་ཚད་མང་བའི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་མ་ཟད།༼སྣང་བའི་ཕ་རོལ༽དང་༼གཅུང་རོང་ལས་མཆེད་པའི་རོལ་དབྱངས་༽སོགས་ཀྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་ཡང་མང་པོ་བྲིས་ཡོད།
གློག་བརྙན་འདིའི་བུད་མེད་གཙོ་འཁྲབ་པ་དབང་སྒྲོན་མཚོ་ནི་པེ་ཅིན་ལུས་རྩལ་སློབ་གྲྭའི་འཁྲབ་སྟོན་སྡེ་ཁག་ནས་མཐར་ཕྱིན་ཞིང་།གློག་བརྙན༼མཆེད་གྲོགས༽དང་།༼བོད་ཀྱི་ནམ་མཁའ༽།༼གཡག་རྒྱབ་ཀྱི་ལོ་ཟླ༽སོགས་ཀྱི་གཙོ་འཁྲབ་པའི་འགན་འཁུར་མྱོང་ཡོད།

གློག་བརྙན༼བསོད་ལྷ༽ཕབ་སྐྲུན་བཞིན་པ།
གློག་བརྙན་འདིའི་གཙོ་འཁྲབ་པ་གངས་ཅན་ཚེ་རིང་ནི་ཀྲུང་གོའི་འཁྲབ་སྟོན་སློབ་གླིང་རྩེ་གྲ་ཀྲུང་དབྱང་ཟློས་གར་སློབ་གླིང་གི་སློབ་མ་ཞིག་ཡིན་ལ།སློབ་གླིང་དེ་ག་རུ་གཏམ་བརྗོད་ཟློས་གར་དང་གར་སྟེགས་ཟློས་གར་སོགས་ཀྱི་འཁྲབ་སྟོན་ལན་མང་གནང་མྱོང་ཞིང་།ཞར་ལ་སྙན་ངག་སོགས་རྩོམ་རིག་བརྩམས་ཆོས་ཀྱང་གང་མང་ཞིག་རྩོམ་གནང་མཛད་ཡོད། ཁོ་ནི་ད་ལྟའི་ཆར་རེ་བའི་བལྟས་པའི་བོད་ཀྱི་ཆེད་ལས་ན་གཞོན་འཁྲབ་སྟོན་པ་ཞིག་ཡིན།
གཙོ་འཁྲབ་པ་འཇིགས་བྱེད་ཚེ་རིང་ནི་པེ་ཅིན་གློག་བརྙན་སློབ་གླིང་གི་༢༠༡༢ལོའི་འཁྲབ་སྟོན་སྡེ་ཁག་གི་སློབ་མ་ཡིན་ལ།༼ཁེར་ལམ༽དང་༼ལམ་གྱི་རྨི་ལམ་༽།༼རྫོགས་ལྡན་དུས་སྐབས༽སོགས་སུ་འཁྲབ་སྟོན་དང་འཁྲབ་སྟོན་མཛུབ་སྟོན་གྱི་ལས་འགན་ཧུར་ལེན་བྱ་མྱོང་། ད་ལྟ་ཁོ་རང་གུ་གེ་གློག་བརྙན་ལས་སྒྲུབ་ཁང་དུ་ཕྱག་ལས་གནང་མུས་སུ་ཡོད།

གློག་བརྙན༼བསོད་ལྷ༽ཕབ་སྐྲུན་བྱེད་བཞིན་པ།
ཐེངས་འདིའི་གློག་བརྙན་༼བསོད་ལྷ༽ནི་ཨ་མདོ་རྔ་བའི་གཉན་པོ་གཡུ་རྩེ་དང་གསེར་མཛོད་ཡུལ་སྐོར་ལྟེ་གནས་སོགས་སུ་བརྙན་ལེན་ཕབ་སྐྲུན་བྱས་ཡོད་ཅིང་། རྔ་བའི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས།