སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཚུལ་ཁྲིམས་རྡོ་རྗེ་ཚང་གི་བདེ་སྐྱིད་ཀྱི་འཚོ་བ།
སྤེལ་དུས། 2017-08-23   ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ།  
  res01_attpic_brief.jpg

ཚུལ་ཁྲིམས་རྡོ་རྗེ་ཚང་གི་བཟའ་མི་གང་པོ།

 “དུས་ཡུན་ཐུང་ཐུང་ལོ་འགའི་ནང་དུ་ང་ཚོའི་ཕ་ཡུལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་འདུག ཁོར་ཡུག་ཇེ་ལེགས་དང་འཚོ་བ་ཇེ་ཕྱུག ཐར་ཐོར་དུ་གནས་པའི་སྦྲ་གུར་ཆུང་ཆུང་དག་ཀྱང་ཡངས་ཤིང་གསལ་བའི་རྫ་གཡམ་ཐོག་ཅན་གྱི་ཁང་པར་བསྒྱུར་འདུག་ལ། ངོས་མི་སྙོམས་པའི་ས་ལམ་རེ་རེ་ཡང་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་བསྒྱུར་འདུག”

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཞང་ཝ་གཞུང་སྡེ་བ་རུ་ཁྱིམ་གཞི་བཙུགས་ཡོད་པའི་ཚུལ་ཁྲིམས་རྡོ་རྗེ་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འབོལ་ཁྲིའི་སྟེང་བསྡད་ནས་འོ་ཇ་ཁོལ་མ་འཐུང་ཞོར་བཤད་མི་ཚར་བའི་ཁོ་ཚང་གི་བདེ་སྐྱིད་ཀྱི་འཚོ་བ་དེ་གླེང་བྱུང་།

“ངས་སྔོན་ཆད་ཀྱི་འཚོ་བ་དེ་ཕྱིར་དྲན་ཞིག་བྱས་ན་ངོ་མ་སེམས་སྐྱོ། དེ་དུས་ཆེས་དཀའ་བའི་ལས་ཤིག་ནི་འཐུང་ཆུའི་གནད་དོན་ཐག་གཅོད་རྒྱུ་དེ་རེད། དགུན་སླེབས་པ་ན། གྲོག་རོང་ལུང་ཤུར་གྱི་ཆུ་མིག་འཁྱགས་པས་བསྡམས་སྟབས། ལེ་དབར་བཅུ་ལྷག་བརྒྱུད་དེ་རྨ་ཆུའི་འགྲམ་དུ་ཆུ་ལེན་དུ་འགྲོ་དགོས་པ་རེད། དགུན་དུས་རླངས་པ་དང་ན་བུན་འཐིབས་པའི་ལུང་པ་དེ་ལྷག་པར་གྲང་སྟབས་ཐེངས་མང་པོ་ཞིག་ལ་རྐང་ལག་ཀྱང་འཁོབས་མྱོང་། ཆུ་ལེན་འདོད་ཆེ་ཡང་འཁྱགས་པས་བསྡམས་སྟབས་དར་ཆེན་པོ་ཁྱིམ་དུ་ཁུར་ཡོང་བ་ལས་ཐབས་གཞན་མེད་ལ། ཁ་བ་བབས་ཚེ་བཞུས་ནས་འཐུང་བ་ཡིན། བཟའ་མི་གང་པོས་ཆུའི་ཐིགས་པ་གཅིག་ཀྱང་ཆུད་ཟོས་བྱེད་མི་ཕོད”ཟེར།

འོན་ཀྱང་ལོ་མང་པོ་ཞིག་མ་འགོར་བར་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བ་རེད། རྩྭ་ཆུར་སྙེག་སྟེ་གར་སྡོད་ངེས་གཏན་མེད་པའི་ཁོ་ཚོར་རང་ཉིད་ལ་དབང་བའི་གསལ་ཡངས་ཅན་གྱི་ཁང་པ་ཡོད་པར་མ་ཟད། འཐུང་ཆུའི་གནད་དོན་ཡང་ཐག་གཅོད་བྱས་ཡོད། དུད་ཁྱིམ་རེར་ཁྲོན་པ་རེ་ཡོད་སྟབས་ཆུ་ནི་གང་འདོད་ལྟར་སྤྱད་ཆོག སྔོན་ཆད་ཀྱི་དཀའ་སྡུག་དེ་ད་ལྟ་མྱང་མི་དགོས་པའི་ཐོག་ཁོ་རང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མཁན་གྱི་ལས་གནས་སུ་ཞུགས་ཏེ་ཟླ་རེར་སྒོར1800ཡི་ཟླ་ཕོགས་ལེན་བཞིན་ཡོད།

ཁོས་ལག་གཡས་པས་བུ་མོའི་མགོར་བྱིལ་བྱིལ་བྱེད་ཞོར། ངའི་བུ་མོས་དུས་རྒྱུན་ང་ལ་བཤད་རྒྱུར། མོ་རང་ལུང་ཁོག་འདི་ནས་ཕྱིར་བུད་དེ་སློབ་ཆེན་འགྲིམ་འདོད་པ་མ་གཏོགས། ལུག་ཁྱུའི་རྗེས་སྙེག་པའི་འཚོ་བ་རོལ་འདོད་མེད་ཟེར། དགའ་འོས་པ་ཞིག་ལ་ད་ལྟ་ངའི་བུ་མོར་ཕུགས་བསམ་མངོན་འགྱུར་གྱི་གོ་སྐབས་ཀྱང་ལྡན་པ་རེད་ཟེར།

“ཏང་ལ་བཀའ་དྲིན་ཞུ། སྲིད་གཞུང་ལ་བཀའ་དྲིན་ཞུ། ཏང་དང་སྲིད་གཞུང་མེད་ཚེ་ངའི་བུ་མོའི་སློབ་མཚམས་སྔ་མོ་ནས་ཆད་ཡོད།གཟའ་འཁོར་སྔོན་མར་བུ་མོ་ཡོད་སའི་སློབ་གྲྭས་ཁྱིམ་བདག་ཚོགས་འདུ་བསྡུས། ང་དེར་སོང་བ་ཡིན། སྒོ་ཆེན་ནང་དུ་སླེབས་པ་ན། མིག་གིས་མཐོང་བ་ནི། ཕྱོགས་བཞིའི་ཁང་བརྩེགས་དམར་པོ་ཡིན་ལ། དཔེ་ཁྲིད་ཐོག་ཁང་གི་གསར་ཞིང་གྲལ་དག་པའི་སྒྲོག་ཙེ་དང་། འཇམ་ཞིང་གཙང་བའི་མཐིལ་ཤིང་བཅས་དངོས་གནས་མིག་གིས་གང་ལ་ལྟ་དགོས་པའང་མ་ཤེས། ཁོར་ཡུག་འདི་འདྲ་བཟང་པོ་ཞིག་ནས་སློབ་སྦྱོང་བྱེད་ནའང་སློབ་རིན་ནི་སྐར་གང་ཡང་མི་བསྡུ་བ་འདི་ནི་དངོས་གནས་ཡིད་ཆེས་དཀའ་བ་ཞིག་རེད”ཟེར།

ལོ་ངོ་བཅུ་ཕྲག་འགའི་སྔོན་ལ་ཁོས་འབྲོག་ལས་གཉེར་བཞིན་ཡོད་ལ། ཁྱིམ་གྱི་ཆ་རྐྱེན་འཛོམས་པོ་ཡིན་པའི་བྱིས་པས་ད་གཟོད་མུ་མཐུད་དུ་སློབ་གསོ་མྱོང་ཐུབ། ཁོ་སྡོད་སའི་ས་དེར་གཏན་འཁེལ་གྱི་སློབ་གྲྭ་ཞིག་མེད་ལ་དཔེ་ཁྲིད་སྒྲིག་ཆས་ཀྱང་འདི་འདྲའི་ལེགས་པོ་ཞིག་མེད།

ཁོའི་དྲན་པའི་ངོས་སུ། སྔོན་ཆད་ས་འདི་རུ་སྦྲ་གུར་སློབ་གྲྭ་ལས་མེད་པ་དང་། འཛིན་གྲྭའི་ནང་དུ་སློབ་མ་བཅུ་ལྷག་ལས་མེད་པ་རེད།དེ་དུས་ང་ཚོ་ནི་སྒོ་ཟོག་གི་རྨིག་རྗེས་སྙེག་མཁན་ཡིན་ལ། རི་མགོ་ལུང་ཕུགས་སུ། རྟག་པར་ཉིན་གཅིག་ལ་ལོ་གཅིག་དུས་བཞིའི་འགྱུར་བ་མྱོང་གནམ་གཤིས་ཀྱི་འགྱུར་ལྡོག་མྱོང་དགོས་ཤིང་། ཁ་བ་བུ་ཡུག་འཚུབ་ཚེ། སྦྲ་གུར་ཐེབས་ཆག་ཅིག་གི་ནང་དུ་ཤེས་བྱ་སྦྱངས་འདོད་ཆེ་བའི་བྱིས་པ་བཅུ་ལྷག་པོས་ཕན་ཚུན་ལ་རྒྱབ་བསྙེས་ནས་ཨོང་བའི་མེ་དྲོད་ལ་བརྟེན་ནས་སློབ་སྦྱོང་བྱེད་པ་རེད། མཇུག་མཐར་བྱིས་པ་བཅུ་ལྷག་པོ་ཚང་མས་ཁྱིམ་གྱི་ཆ་རྐྱེན་ཞན་པའི་དབང་གིས་གཅིག་རྗེས་གཉིས་མཐུད་དུ་སློབ་མཚམས་བཞག་པ་རེད།

དེ་དུས། ཁོའི་ཆུང་མས་གློ་བུར་དུ“ས་གང་དུ་སོང་ཡང་རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་ན་དེ་ལས་སྟབས་བདེ་ཞིག་མི་འདུག”ཅེས་ཁོའི་བཤད་མཚམས་བཅད།

དེ་ལས་དགའ་འོས་པ་ཞིག་ལ་ལོ་འདི་དག་གི་ནང་དུ་རྨ་སྟོད་རྫོང་ལ་ཉིན་རེར་འཕེལ་རྒྱས་དང་འགྱུར་ལྡོག་འབྱུང་བཞིན་མཆིས། རྨ་སྟོད་དུ་སླེབས་པའི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་ཡིན་སྟབས། རང་ས་རང་ཡུལ་ནས་དཀའ་ལས་མྱང་མི་དགོས་པར་ལས་ཞོར་སྣེ་ཤན་པའི་བྱ་བ་གཉེར་ཐུབ་པ་རེད། “འདིར་ཡོང་མཁན་མང་སྟབས། ང་ས་གཞན་དུ་ཞོར་ལས་སུ་འགྲོ་མི་དགོས། ཁྱིམ་ལས་བྱེད་ཐུབ་པར་མ་ཟད་སྒོར་མོ་ཡང་བཙལ་ཐུབ། སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ན། དངོས་ནས་ཇེ་བཟང་དུ་སོང་ཡོད་པ་རེད”ཟེར།

དེང་སང་།ཚུལ་ཁྲིམས་རྡོ་རྗེས་འདུག་སའི་ཁང་པ་མེད་པ་དང་སྨན་རིན་སྤྲོད་མི་ཐུབ་པར་སེམས་ཁུར་བྱེད་མི་དགོས་ལ། ཐ་ན་བྱིས་པའི་སློབ་ཡོན་སྤྲོད་མི་ཐུབ་པར་ཡང་སེམས་ཁུར་བྱེད་དོན་མེད། ད་ལྟ་ཁོ་ཚོའི་འཚོ་བར་ཡོད་ཚད་ལ་འགན་སྲུང་ཡོད་པས་ཁྱིམ་ཚང་ལ་བདེ་སྐྱིད་ཀྱི་ཚོར་སྣང་ལྡན་ནོ། །

 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716