སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལི་ཐང་གི་མིང་གི་འབྱུང་ཁུངས།
སྤེལ་དུས། 2017-08-01   ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།   རྩོམ་པ་པོ།  

1501137231519457.jpg

ལི་ཐང་རྫོང་།

སྔོན་འགྲོའི་གཏམ།

དེ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་གསལ་པོ་ཞིག་མ་གོ་ན་ནགས་ཀྱི་སྤྲེའུ་ཉིད་དང་ཁྱད་པར་མེད་པ་ལྟར། སྤྱིར་འཛམ་གླིང་གི་ལོ་རྒྱུས་དང་གནས་བབ་སོགས་མ་གོ་རུང་མ་མཐའ་ཡང་རང་ས་རང་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ཤིག་དགོས་ངེས་ཡིན་པས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནས་དཀར་མཛེས་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་མིང་གི་འབྱུང་ཁུངས་ལ་དཔྱད་པ་གཙོས་པའི་རྫོང་ཁག་སོ་སོའི་གནས་ཚུལ་རགས་བསྡུས་དང་། རྫོང་གླུ། ལམ་སྒྲོན། རིག་གནས། ཡུལ་སྐོར་བཅས་པར་རིས་དང་སྦྲགས་པའི་ཆེད་བསྒྲིགས་ལེ་ཚན་ཞིག་རྒྱ་ཆེ་བའི་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པར་མ་ཟད། ད་དུང་འཕྲིན་ཕྲན་སྤྱི་སྟེགས་ནས་རང་གི་ཆེས་དགའ་བའི་རྫོང་དང་གྲོང་ཁྱེར་ལ་བསྟོད་པའི་འདེམས་ཤོག་ཀྱང་འཕང་ཆོག་ལ་དཔྱད་གཏམ་ཡང་གཞག་ཆོག་པ་རེད།

1501137231969312.jpg

ལི་ཐང་གི་མིང་གི་འབྱུང་ཁུངས།

ལི་ཐང་ཞེས་པའི་མིང་གི་འབྱུང་ཁུངས་ཀྱི་བཤད་སྲོལ་གཅིག་ནི་ལི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཐང་ཆེན་དེ་ལ་ཟེར་བ་དང་། བཤད་སྲོལ་གཞན་ཞིག་ནི་ལིའི་མེ་ལོང་དང་མཚུངས་པའི་ཐང་ཆེན་དེ་ལ་ཟེར་བ་རེད། ལི་ཆུ་ནི་ཉག་ཆུའི་ཆུ་ལག་སྟེ་མུ་ལི་རང་སྐྱོང་རྫོང་ནས་ཉག་ཆུར་འབབ། ལི་ཐང་འབུམ་ར་ཞེས་པའི་རི་བོ་གྲགས་ཅན་དང་། འབུམ་ཡག་ཐང་། མདོ་སྡེ་ཐང་སོགས་མིང་གྲགས་ཆེ། ཤར་ན་བྲག་དཀར་གནས་རི་དང་།  ལྷོ་ན་སོག་དུང་གནམ་ལྕགས་ཕྲ་མོ།  ནུབ་ན་དགེ་བསྙེན་གནས་རི། བྱང་ན་རྨ་ཆེན་འབུམ་ར་སོགས་ཀྱིས་བསྐོར་ནས་ཡོད། 

ལི་ཐང་རྫོང་གི་གནས་ཚུལ་མདོར་བསྡུས།

ལི་ཐང་རྫོང་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་མཚོ་འཕགས་སྨི4014.187ཡོད།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14352ཡོད་ཅིང་།  རྫོང་སྲིད་གཞུང་མཐོ་གྲོང་གྲོང་རྡལ་དུ་གནས་ཡོད།  རྒྱུན་སྡོད་མི་གྲངས་ཁྲི་བདུན་ལྷག་ཡོད་ཅིང་བོད་རིགས་དང་རྒྱ་རིགས།  སོག་རིགས་སོགས་མི་རིགས་དགུ་འཚོ་སྡོད་བྱེད་བཞིན་ཡོད།  རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོ་དང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་འཁྲུངས་ཡུལ་ཡིན།  ལི་ཐང་རྫོང་ལ་རྟ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས།  གེ་སར་གྱི་མི་རྒྱུད་དར་ས།  རྟ་ཐོག་གི་མི་རིགས།  ཁམས་པའི་ཕོ་རྒོད་འདུ་གནས་བཅས་ཀྱི་མཚན་སྙན་ཡོད།

1501137231904390.jpg

ལི་ཐང་དགོན་ཆེན་ནམ་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པ་འདི་ནི། བོད་རབ་བྱུང་བཅུ་པའི་རྣམ་གནོན་ཏེ་ལྕགས་ཕོ་འབྲུག་གི་ལོར(སྤྱི་ལོ1580)རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ(1543----1588)དགུང་ལོ་སོ་བརྒྱད་ལ་ཕེབས་པའི་སྐབས་ཀྱི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ལ་འགོ་བརྩམས་ཏེ་གསར་དུ་བཞེངས་པ་ཡིན་ཞིང་། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྱི་རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར》ལས།  བོད་རབ་བྱུང་བཅུ་པའི་ལྕགས་ལུག་གི་ལོར(སྤྱི་ལོ1571)སོག་པོའི་ཨན་ཐན་རྒྱལ་པོས་རྗེ་འདིའི་སྙན་པ་གསན་པས་དད་པ་ཐོབ་སྟེ།  ཤར་ཕྱོགས་སོག་ཡུལ་དུ་འབྱོན་དགོས་པར་གསོལ་བ་བཏབ། རྗེ་འདིས་ཀྱང་རང་གི་གདུལ་སྐལ་དུ་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས། དེ་ནས་ས་སྟག་ལོར(སྤྱི་ལོ1578)དེ་སྔར་ཨན་ཐན་ཏ་རྒྱལ་པོའི་བླ་མཆོད་དུ་མངགས་པའི་ཆོས་རྗེ་བརྩོན་འགྲུས་བཟང་པོ་དང་།  ལོ་ཙཱ་བ་གོོ་ཤྲཱི་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་སྐོར་རྒྱལ་པོའི་གམ་ནས་བསུ་བ་ལ་འབྱོར། རིམ་གྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་ལ་ཨན་ཐན་རྒྱལ་པོ་ཉིད་ཀྱི་བསུ་མ་རྒྱ་ཆེན་འོག་སོག་ཡུལ་དུ་དངོས་སུ་འབྱོར། ཤ་ཁྲག་ཁོ་ན་ལ་ལོངས་སྤྱོད་པའི་མུན་ནག་ཁྲག་མཚོའི་གླིང་ལྟ་བུ་འདི་ལ། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་བཀའ་དྲིན་ལས་དམ་པ་ཆོས་ཀྱི་ལམ་བཏོད། ཁྲག་མཚོ་འོ་མར་བསྒྱུར་བ་འདི་བཀའ་དྲིན་ཆེ་བ། མི་དགེ་བཅུ་སྤངས་ཀྱི་བཀའ་ཁྲིམས་ལེགས་པར་གཏན་ལ་ཕབ། དམ་ཆོས་ཀྱི་བདུད་རྩི་མང་པོ་བསྩལ།

1501137259909219.jpg

ལི་ཐང་དགོན་ཆེན་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་།

ཁྱད་པར་དུ་འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དང་། འཇམ་མགོན་བླ་མ་གང་དུ་འཁྲུངས་པའི་སྐུ་འབུམ་སོགས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས། ཞེས་འཁོད་པ་ལྟར་རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར(སྤྱི་ལོ1580)ཁམས་ལི་ཐང་གི་ས་ཆ་འདིར་ཐུབ་ཆེན་ལྷ་ཁང་ཀ་བ་བཅོ་བརྒྱད་ཅན་དང་། འདུ་ཁང་ཀ་བ་བརྒྱད་ཅུ་གྱ་གཉིས།  མགོན་ཁང་ཀ་བ་བཞི། གཟིམ་ཁང་ཀ་བ་བརྒྱད། གཟིམ་ཆུང་ཡང་དབེན་ཀ་བ་དྲུག་ཅན་སོགས་གྲུབ་པ་དང་། མ་འགྲུབ་པ་རྣམས་ས་བཀྲ་དང་ཐིག་བཏབ་ནས་རེ་ཞིག་བཞག དེ་དང་ལྷན་ཅིག་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་མོ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་བ་གྲགས་པ་ཞིག་བཞེངས་ནས། མགོན་ཁང་སོགས་གྲུབ་ཟིན་པ་རྣམས་ལ་རབ་གནས་རྒྱས་པར་མཛད་དེ། གཙུག་ལག་ཁང་འདི་ཉིད་ཀྱི་མཚན་ལ་དགའ་ལྡན་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་སུ་གསོལ། རྒྱལ་མཆོག་ཉིད་ཀྱང་ཟླ་བ་དྲུག་ལྷག་གི་རིང་ལ་ལི་ཐང་དུ་བཞུགས་ཏེ། རབ་བྱུང་དང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས་ཤིང་། གདུལ་བྱ་རྣམས་ལ་ཆོས་ཀྱིས་ཚིམས་པར་མཛད་རྗེས།  སོག་པོ་ཨན་ཐན་རྒྱལ་པོས་གདན་ཞུས་ལྟར་ཉིད་ཀྱི་རྒྱལ་ཚབ་ཏུ་སྐུ་སྐྱེས་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོ(རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་མཆེད་ཡིན)བཞག་ནས་ཐུགས་སྨོན་དང་བཅས་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཆིབས་བསྒྱུར་གནང་སྟེ་སྨར་ཁམས་དང་ཆབ་མདོར་བརྒྱུད་དེ་ཕྱིར་སོག་པོ་ལ་ཕེབས།

1501137260598264.jpg

ལི་ཐང་དགོན་པའི་འབག་འཆམ།

1501137260220485.jpg

ལི་ཐང་བཀའ་འགྱུར་བྲིས་མ།

1501137260769318.jpg

གནས་ཆེན་དགེ་བསྙེན་གྱི་མཚོ་འཕགས་སྨི6204ཡོད་ཅིང་། ལི་ཐང་རྫོང་གི་ལྷོ་ནུབ་ཏུ་གནས་ཤིང་རྫོང་གྲོང་ནས་སྤྱི་ལེ110ཡོད། ལོ་ཧྲིལ་པོར་གངས་འཁྱག་གིས་གཡོགས་པ་དང་ཁམས་པའི་ལྷོ་རྒྱུད་ཀྱི་ཆེས་མཐོའི་རི་བོ་དང་སི་ཁྲོན་གྱི་རི་ཆེན་གཉིས་པ་ཡིན། རང་རྒྱལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གནས་ཆེན་ཉེར་བཞིའི་ཡ་གྱལ་ཡིན་ཞིང་སྐྱེས་ཆེན་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་ཡིན་ནོ།།

 

ལི་ཐང་རྟ་རྒྱུག་དུས་ཆེན།

ལི་ཐང་རྟ་རྒྱུག་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ལོ་རེའི་བོད་རྩིས་ཟླ་བ་དྲུག་པའི་ཚེས་གསུམ་ཉིན་གྱི་བསང་མཆོད་དུས་ཆེན་དང་བསྟུན་ནས་རྟ་རྒྱུག་དང་རྟ་རྩལ་བྱེད་སྲོལ་ཡོད། 1964ལོར་རྫོང་མི་དམངས་སྲིད་གཞུང་གིས་སྲོལ་རྒྱུན་དུས་ཆེན་དེ་སྤྱི་ཟླ8པའི་ཚེས་གཅིག་ཉིན་ལ་གཏན་འཁེལ་བྱས་པས་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་ཡང་ཟེར།

ལི་ཐང་ལ་ད་དུང་མཆོད་རྟེན་དཀར་པོའི་སྤྱི་གླིང་། བྲག་དཀར་གནས་རི། གེ་མོའི་རང་བྱུང་སྲུང་སྐྱོང་ཁུལ་དང་མཚོ་ལའི་རང་བྱུང་མཛེས་ལྗོངས་ཁུལ། འབུམ་ཡག་རྩྭ་ཐང་ཆེན་མོ་དང་འབུམ་ཡག་རང་བྱུང་ཆུ་ཚན།  ལི་ཐང་ལྷ་མོའི་ཟློས་གར། ལི་ཐང་པར་ཁང་། དགེ་བསྙེན་གནའ་སྤོས་བཟོ་རྩལ། སྐོར་བྲོ་དང་ལ་གཞས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་དང་ཡུལ་སྲོལ་རིག་གནས་ཡོད་པ་རེད། 

1501137260154251.jpg

བྲག་དཀར་གནས་རི།

1501137260515074.jpg

མཆོད་རྟེན་དཀར་པོའི་སྤྱི་གླིང་།

1501137260967811.jpg

གེ་མོའི་རང་བྱུང་སྲུང་སྐྱོང་ཁུལ།

1501137260540924.jpg

ལི་ཆུ་སྔོན་མོ།

1501137260148821.jpg

ལི་ཐང་གི་ལྷ་མོའི་ཟློས་གར།

1501137260138723.jpg

ལི་ཐང་གི་རྒྱན་གོས།

1501137260248336.jpg

ལི་ཐང་རྫོང་གྲོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

ལི་ཐང་རྫོང་གྲོང་གི་ལམ་སྒྲོན་ནི་གཞུང་ཤིང་སུམ་གཤིབ་ཅན་གྱི་དཀྱིལ་དུ་སྒྲོན་སྣོད་སེར་ཟླུམ་ཞིག་སྤྲད་ཡོད་ཅིང་། ཐོག་ལ་བྱ་ཁྲུང་ཁྲུང་དཀར་པོ་བཞི་ཕྱོགས་བཞི་ལ་འཁོར་ཞིང་སྒྲོན་སྣོད་བཞི་ནི་ཁྲུང་ཁྲུང་གི་བྲང་ཁོག་བཞིར་བྱས་འདུག རྩེ་མོ་ནོར་བུ་མེ་འབར་གྱིས་བརྒྱན་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་འབྲེལ་བའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་འདུག 

ཁམས་པའི་བོད་ཡིག་དྲ་བའི་འཕྲིན་ཕྲན་ལས་བཤུས། 


 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716