སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རོང་བྲག་གི་མིང་གི་འབྱུང་ཁུངས།
སྤེལ་དུས། 2017-08-02   ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།   རྩོམ་པ་པོ།  

1501575750661287.jpg

རོང་བྲག་གི་མིང་གི་འབྱུང་ཁུངས།

རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད་པའི་རོང་མིའི་བྲག་འགོ་ཞེས་རོང་མི་བྲག་གི་འགོ་ལ་ཆགས་ཡོད་པས་མིང་དེ་ལྟར་ཐོགས། རོང་བྲག་རྫོང་ནི་ཡུལ་རྒྱལ་མོ་རོང་གི་ཁོངས་གཏོགས།རྒྱལ་མོ་དམུ་རྡོ་ཞེས་པའི་གནས་རི་གྲགས་ཆེ།﹙སློབ་དཔོན་པདྨས་རྒྱག་བརྔན་དུ།། ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི།།རྒྱལ་མོ་རོང་གི་གཞི་བདག་བརྔན།། ཞེས་པ་འདི་ཡིན།﹚རྡོ་རྗེ་གཡུལ་རྒྱལ་དང་། དར་རྒྱས་གླིང﹙བོན﹚དང་། དཔལ་དབང་དགོན། བྲག་སྟེང་དགོན། མུར་ཧ་དགོན། སྤྲོ་སྣང་དགོན་སོགས་གནའ་ཤུལ་མང་། སྔར་ལུང་པ་འདིར་དགེ་བཤེས་རྒྱལ་པོ་སོགས་རྒྱལ་པོའི་མཚན་ཐོགས་པ་འགའ་ཡོད།ཡུལ་འདིའི་མི་རྣམས་སྲོང་བཙན་གྱི་སྐབས་ཞང་ཞུང་གི་དམག་མི་མང་པོ་འདིར་བཞག་པ་དང་འདྲེས་ཏེ་ཡོད་པས་ཞང་ཞུང་གི་རྒྱུད་པར་གྲགས། བོད་ཀྱི་རྩིག་བཟོའི་ཨང་དང་པོ་ཡིན། ས་གནས་འདི་ནི་མདོ་སྨད་རོང་ཆེན་བཞི་ཡི་ཡ་གྱལ་ཞིག་གི་ལྟེ་བའོ།། ཞེས་དགེ་བའི་བཤེས་གཉེན་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པས་གསུངས་སོ།།

1501575750771198.jpg

རོང་བྲག་གི་གནས་ཚུལ་མདོར་བསྡུས།

རོང་བྲག་རྫོང་གི་ཁོངས་སུ་སྐུ་བླ་རི་བོ་སོགས་གནས་རི་དང་བེེ་རོའི་སྒྲུབ་ཕུག་བཅས་གནའ་ཤུལ། དཔོག་པར་དཀའ་བའི་མཁར་རྫོང་། ས་ཆ་གཞན་དང་དམིགས་གསལ་གྱི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་དུས་ཆེན། གཉེན་ལམ་སྒྲིག་ཚུལ།རྒྱན་ཆས་སྤྲས་སྟངས།ནར་སོན་པའི་སྟོན་མོའམ་ཆོ་ག  ཐུན་མོང་མ་ཡིན་པའི་བཟའ་བཏུང་ལས་ཐེལ་ཙེ་བརྒྱབ་ཡོད་པའི་ཐལ་བསྲེག་གོ་རེ་དང་ཆང་བཙོ་སྟངས། ཁྱད་དུ་འཕགས་པའི་རྫ་དང་། ལི། ཁྲོ་ཡི་བཟོ་རྩལ་ཕུན་སུམ་ཚོགས་པ་ཡོད་དོ།།

1501575750147252.jpg

གཅིག  སྤྱི་ལོ2002ལོར་རོང་བྲག་རྫོང་གིས་ཆེད་དུ་མཁར་རྫོང་ཐོ་འགོད་བྱེད་མཁན་ཚོ་ཆུང་བཙུགས་ཏེ་རྫོང་དེའི་ཁོངས་སུ་ལྷག་པའི་གནའ་བོའི་མཁར་རྫོང་ཟིན་ཐོ་བྱེད་སྐབས།མཁར་རྫོང562ཐོ་འགོད་བྱེད་རྒྱུ་ལོན་ཡོད་པའི་ནང་ནས་གྲུ་ཟུར་བཅུ་གསུམ་ཅན་གྱི་མཁར་རྫོང1ཡོད་ཚུལ་བྲིས་འདུགརྒྱལ་རོང་ཡུལ་གྱི་གནའ་མཁར་གྱི་ཕྱིའི་དབྱིབས་ལ་ཟུར་མང་ཉུང་གི་ཐོག་ནས་རིགས་དུ་མ་དབྱེ་ཡོད་དེ། ཟུར་གསུམ་ཅན་དང་།  ཟུར་བཞི་ཅན།  ཟུར་ལྔ་ཅན།  ཟུར་དྲུག་ཅན། ཟུར་བརྒྱད་ཅན།  ཟུར་བཅུ་གཉིས་ཅན།   ཟུར་བཅུ་གསུམ་ཅན་བཅས་ཡོད།     དེའི་ནང་ནས་ཟུར་བཞི་ཅན་གྱི་མཁར་ནི་ཆེས་མང་ཞིང་།   དེ་འཕྲོས་ཟུར་དྲུག་ཅན་དང་ཟུར་བརྒྱད་ཅན་ཡིན།   ཟུར་གསུམ་ཅན་དང་ཟུར་ལྔ་ཅན།  ཟུར་བཅུ་གསུམ་ཅན་གྱི་མཁར་ནི་ཧ་ཅང་བརྗིད་ཆེ་བས།  མཁར་གྱི་དབང་པོ་ཞེས་པའི་མཚན་སྙན་ཐོབ། 

1501575750202024.jpg

 

པ་ཝཾ་རྒྱལ་པོའི་སྟག་མོ་རྫོང་ཡིན།

དེ་ཡང་རྒན་རབས་རྣམས་ཀྱི་ངག་རྒྱུན་ལས་གྲགས་པ་ལྟར་ན།  མཁར་རིགས་དེ་དག་ཀྱང་ཞི་རྒྱས་དབང་དྲག་བཅས་རིགས་བཞི་ཡི་ཁོངས་སུ་འདུས་ཏེ།  ཟུར་བརྒྱད་དང་ཟུར་བཅུ་གསུམ་ཅན་ལ་མཁར་ཞི་བ་ཞེས་ཟེར་ཞིང་ས་བརྒྱད་དང་ས་བཅུ་གསུམ་ཐོབ་པའི་རྟགས་ཡིན།   དེའི་དབྱིབས་ནི་ཉི་མ་ལྟ་བུ་གོར་གོར་རེད། མི་རྒྱུད་བཟང་ཅན་དང་སྐྱེ་བོ་དམ་པ་རྣམས་སྡོད་སའི་གནས་ཡིན་ཟེར།

ཟུར་བཞི་ཅན་ལ་མཁར་རྒྱས་པ་ཞེས་ཟེར་ལ་དབྱིབས་ནི་གྲུ་བཞི་མ་ཡིན།  མཁར་གྱི་རྩིག་པའི་ཐོག་ལ་ཁུང་བུ་གཉིས་དང་འོག་ལ་ཁུང་བུ་གཅིག་བརྟོལ་ཡོད་པས་ཐག་རིང་ནས་བལྟས་ན་མི་ཡི་གདོང་ཞིག་དང་འདྲ།དེའི་ནང་སྐྱེས་ཕོ་མོ་ཚང་མ་འདུག་ཆོག་ལ་གཙོ་བོ་དགྲ་འགོག་གཉེན་སྐྱོང་གི་གོ་ཆ་བཅུ་གསུམ་ཉར་ཚགས་བྱས་ཡོད།  མཁར་དེ་རིགས་ནི་བརྩེགས་བཅོ་བརྒྱད་ལ་ལོན་ཞིང་ཕྱི་ཡི་ཟུར་ལ་ཤིང་ལས་བཟོས་པའི་ཁྱུང་དང་སེང་གེ  ཆུ་སྲིན།  བྱ།  སྤྱང་། སྦྲུལ་སོགས་ཀྱི་མགོ་བཏགས་ཡོད་པར་གྲགས། ཟུར་ལྔ་ཅན་ལ་མཁར་དབང་ཞེས་ཟེར་ལ་དབྱིབས་ནི་ཟླ་གམ་མ་ཡིན། བླ་མ་རྟོགས་པ་ཅན་དང་སྔགས་པ་རྣམས་འདུས་ཏེ།   ཆོ་ག་སྒྲུབ་ས་དང་མཚམས་སྒྲུབ་བྱེད་ས་ཡིན་པར་གྲགས།  ཟུར་གསུམ་ཅན་ལ་མཁར་དྲག་པོ་ཞེས་ཟེར་ལ་དབྱིབས་ནི་ཟུར་གསུམ་ཕུར་བུ་ལྟ་བུ་ཡིན།ད་ལྟ་རྗེས་ཤུལ་ཙམ་མ་གཏོགས་མཐོང་རྒྱུ་རེད། དེ་ནི་དམ་པ་ཉམས་པའི་མི་ཁྲིམས་འགལ་ལུགས་འགལ་གྱི་ཉེས་ཅན་རྣམས་བཙུད་ས་དང་གདོན་བགེགས་ཕྱི་རུ་ཕྱུང་བའི་གཏོར་མ་འཕེན་སའི་ཡུལ་ཡིན་པར་གྲགས།

1501575750685076.jpg

པ་ཝཾ་རྒྱལ་པོའི་ཕོ་བྲང་།

འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ནང་བཀོད་པ་ལྟར་ན། རོང་བྲག་ཡུལ་དུ་མཁར་རྫོང་བསྐྲུན་པའི་སྲོལ་ཐོག་མར་བོད་རྒྱལ་གཉའ་ཁྲི་བཙན་པོའི་དུས་ཡིན་པ་འདྲ། མིང་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་བར་དུ་མཁར་རྫོང་བརྩིགས་པའི་བཟོ་རྩལ་ཤིན་ཏུ་དར་ཁྱབ་བྱུང་། དེའི་སྐབས་སུ་རོང་བྲག་ཡུལ་དུ་མཁར་རྫོང3000ལྷག་ཙམ་ཡོད་པར་གྲགས། ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་རིམ་གྱིས་ཉམས་རྒུད་དུ་སོང་བ་དང་།ཁྱད་པར་དུ་སྤྱི་ལོ1771ལོར་ཆིང་སྲིད་གཞུང་དང་ཚ་ཁོ་རབ་བརྟན་རྒྱལ་པོའི་བར་དམག་འཁྲུག་བྱུང་སྟེ་མཁར་རྫོང་མང་པོ་གཏོར་བ་ནས་བཟུང་། རྒྱལ་རོང་ཡུལ་དུ་མཁར་རྫོང་བསྐྲུན་པའི་སྲོལ་ཡང་རིམ་གྱིས་ཉམས་ཉེས་སུ་སོང་།

1501575750312731.jpg

རྒྱལ་རོང་རྒྱལ་མོ་དམུ་རྡོ།

1501575750444741.jpg

གཉིས།  གནས་ཆེན་རྒྱལ་མོ་དམུ་རྡོ་ལ་དམུ་རྡོ་དབང་ཕྱུག་ཀྱང་ཟེར།དེའི་མཐའ་འཁོར་ལ་སྐུ་བླ་གསུམ་དང་གཉན་ཆེན་སྡེ་བཞི།རི་བོ་ཆེན་པོ་དྲུག་ཅུ་རེ་གཉིས་ཡོད་ལ་སྒྲུབ་ཕུག་བརྒྱ་དང་བརྒྱད་ཡོད།སྐུ་བླ་གསུམ་ནི་དེང་སང་བཙན་ལྷ་རྫོང་གི་ཆུས་དང་པོར་ཡོད་པའི་འོག་གཞི་སྐུ་བླ་དང་།བཙན་ལྷ་རྫོང་གི་ཆུས་བཞི་པར་ཡོད་པའི་ཧ་ཉུང་སྐུ་བླ།དར་མདོ་རྫོང་དུ་ཡོད་པའི་རྩེ་མདོ་སྐུ་བླ་བཅས་ཡིན།གཉན་ཆེན་སྡེ་བཞི་ནི་ཤོ་ཝོ་གཉན་ཆེན་དང་ས་ཝོ་གཉན་ཆེན།གཡུ་འབྲུག་གཉན་ཆེན།ཐོ་ཝོ་གཉན་ཆེན་བཅས་སོ།  སྐུ་བླ་ཞེས་པ་རྒྱལ་རོང་གི་སྐད་དུ་སུ་ཀུ་བླ་ཞེས་ཁ་ཕྲལ་ནས་བཀླགས་པས་མི་ལ་ལས་དེ་མ་གོ་བར་རྒྱ་སྐད་དུ四姑娘ཞེས་བསྒྱུར་ཏེ་ཁྱད་མཚར་བའི་གཏམ་རྒྱུད་ཀྱང་བསྒྲིགས་པ་ནི་དོན་དངོས་དང་འགལ་བ་ཞིག་ཡིན་ཏེ་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དུའང་ཐབ་ལྷ་དང་སྐུ་བླ་ཞེས་བཀོད་འདུག་གོ།།

གསུམ།  རྒྱལ་མོ་ཚ་བ་རོང་ནི་བོད་ཀྱི་རོང་ཆེན་བཞི་ཡི་ཡ་གྱལ་ཡིན་པ་དང་བན་བོན་གྱི་ཆོས་ལུགས་ཧ་ཅང་དར་རྒྱས་ཆེ་བའི་ཆོས་ཁམས་ཞིག་ཀྱང་ཡིན། ལྷག་ཏུ་ལོ་ཆེན་བེེ་བོ་ཙ་ན་མཆོག་ཉིད་རྒྱལ་མོ་ཚ་བ་རོང་དུ་ཕེབས་ནས་ནང་བསྟན་གྱི་ཆོས་ལུགས་དར་སྤེལ་བཏང་བ་དང་འགྲོ་དོན་མཛད་ནས་བཟུང་། རྒྱལ་རོང་གི་ཡུལ་ཁམས་ཐམས་ཅད་ཆོས་ཀྱི་ཞིང་ཁམས་སུ་གྱུར། ཡུལ་མི་རྣམས་དགེ་སྒྲུབ་སྡིག་སྤང་གི་དམ་པའི་ལམ་མཆོག་ཏུ་ལམ་སྣ་དྲངས། སྔོན་གྱི་ལོ་རྒྱུས་དང་དེབ་ཐེར། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། རྒྱལ་རོང་ཁོག་ཏུ་ལོ་ཆེན་བེེ་རོ་ཙ་ནའི་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ཡོད་པ་དང་གྲུབ་རྟགས་མང་བོ་མཇལ་རྒྱུ་ཡོད།

1501575751917883.jpg

རྒྱལ་རོང་གནས་འགོ་དགོན།

བཞི།  རྒྱལ་རོང་གི་ཕྱོགས་ཕལ་ཆེ་བ་ན་ལོ་རེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གླུ་ལེན་བྲོ་འཁྲབ་ཟས་སྟོན་ཆང་གསོལ་གྱི་དུས་སྟོན་ཞིག་ཡོད་འདུག དེ་ནི་སྔོན་ཧོར་དམག་ཚ་རོང་དུ་ཤོར་ནས་ཡུན་རིང་འདས་རྗེས་གླིང་གེ་སར་ཕེབས་ཏེ་ཧོར་ཕམ་པར་བྱས་པའི་ཉིན་རེད་ཟེར་བའི་ཡུལ་སྲོལ་གཏམ་རྒྱུད་འདུག་པ་དང་།  སྔོན་ཚ་རོང་བཀྲ་ཤིས་གླིང་གི་ཕྱོགས་ནས་ལོ་རེའི་ཧོར་ཟླ༡༡པའི་ཚེས༡༣ཉིན་གླིང་དམག་ཧོར་ལས་རྒྱལ་བའི་དུས་ཆེན་ཞེས་དཔོན་འབངས་ཡོངས་མཉམ་དུ་འདུས་ནས་སྟོན་མོར་རོལ་བ་དང་། ཕྱེ་རུལ་སྣུམ་དུ་བཙོས་ནས་དགྲ་ཧོར་སེར་གྱི་མིག་ཡིན་ཟེར་ནས་ཟ་སྲོལ་ཡོད་ཚུལ་དང་། དུས་སྟོན་དེར༼ཨ་མྱེ་ཁུར་ཏུང་།ཨ་མྱེ་སྒོ་གདུང་།༽དུས་སྟོན་ཟེར་ཞིང་ཨ་མྱེ་ཁུར་ཏུང་ཞེས་པ་ཨ་མྱེ་ཁྲོ་ཐུང་གི་དོན་ཞེས་མཁས་དབང་དམུ་དགེའི་གསུང་ན་གསལ་ལོ།།

ལྔ།  གནའ་དུས་སུ་རྒྱལ་རོང་བུད་མེད་རྣམས་ཀྱིས་མགོ་ལ་རིགས་ལྔ་གྱོན་ཞིང་དེ་ནི་ཁྱུང་གི་མགོའི་རལ་པ་ལ་དཔེ་བྱས་ནས་དྲུབ་པ་ཡིན་ལ་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ད་ལྟའི་རྣམ་པ་ལ་གྱུར་འདུག ཁོག་སྨད་དུ་གྱོན་པའི་སྨད་གཡོགས་ནི་ཁྱུང་གི་མཇུག་མ་དང་རྒྱབ་ལ་གཡོགས་པའི་བེར་ཆེན་ནི་ཁྱུང་གི་གཤོག་པ་ལ་དཔེ་བྱས་པར་གྲགས། སྐྱེས་པ་རྣམས་ཀྱིས་མགོ་ལ་གྱོན་པ་ནི་ཁྱུང་གི་བྱ་རུ་དང་ལུས་ལ་ལྭ་བ་དཀར་པོ་གྱོན་ཏེ་མཆོད་རྟེན་གྱི་གཟུགས་དང་མདོག་ལྟར་དུ་བྱས། རྐང་ལ་གྱོན་པའི་ལྷམ་ནི་ཁྱུང་གི་སྦར་མོ་ལ་དཔེ་བྱས་པར་གྲགས་པས་རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས། གོམས་གཤིས་རྣམས་ཁྱུང་དང་ཁ་བྲལ་ཐབས་མེད་པ་ཤེས་ཐུབ།

1501575751191085.jpg

ལྭ་བ་ཟུར་མང་།

སོག་པོ་ཡུལ་ཚོའི་རྒྱན་གོས་ཐད་ལ་ལྭ་བའི་རི་མོ་དང་།ཁ་དོག་གྱོན་ཚུལ་བཅས་ལས་གྱོན་མིའི་ལོ་ན་ཆེ་ཆུང་གི་དབྱེ་བ་འབྱེད་ལུགས་ཀྱང་ཧ་ཅང་ཁྱད་པར་ཅན་ཡིན།ཕུ་ཐུང་མེད་པའི་ལྭ་བ་རིང་བ་ཞིག་གི་རྐེད་པ་ཡན་ཆད་ཀྱི་ཆ་མང་ཕྱོགས་རི་མོ་དང་ཁ་དོག་འདྲ་མིན་སྣ་ཚོགས་བརྒྱན་པའི་རས་ཀྱིས་བཟོས་པ་དང་།རྐེད་པ་མན་ཆད་བལ་གྱིས་ལས་པའི་ལྟེབ་ཚིགས་རྒྱག་པ་ཟུར་མང་ཅན་ཡིན་པའི་ཁ་མ་རུབ་པའི་ལྭ་བ་སྒོར་མོ་ཞིག་ཡིན།

 

གྱོན་པའི་སྐབས་སུ་ལག་པ་ཕུ་ཐུང་གཉིས་ཀྱི་ནང་ནས་བརྒྱུད་རྗེས་སྨད་གཡོགས་ལ་དར་གྱིས་ལས་པའི་སྐུད་པ་ཡི་སྒྲོག་གུ་འདུགགྱོན་པའི་སྐབས་མེད་དུ་མི་རུང་བ་ནི་རྐེད་རགས་རེད།རང་ཉིད་ཀྱིས་བཏགས་པའི་སྐེད་རགས་ཐོག་ལ་མེ་ཏོག་འདྲ་མིན་སྣ་ཚོགས་གཙགས་པ་དང་ཕྲ་རྒྱན་གྱིས་བརྒྱན་ནས་ལྟ་ན་སྡུག་པར་བྱས།ལྭ་བ་ཟུར་མང་དེ་དག་ལ་ཡང་ཁ་དོག་ནག་པོ་ཅན་ནི་མང་ཆེ་བ་ལོ་ན་རྒན་པའི་བུད་མེད་རྣམས་ཀྱིས་གྱོན་པ་དང་ལོ་ན་ཆུང་བའི་བུད་མེད་མང་ཆེ་བས་ཁ་དོག་དམར་པོའི་ལྭ་བ་གྱོན།དེ་ནང་བུད་མེད་མང་ཆེ་ཤོས་ཀྱིས་ལྭ་བའི་ནང་རྔུལ་ལེན་དཀར་པོ་གྱོན་པ་དང་སྟོད་གོས་ཀྱི་མདོག་ནག་པོའམ་ཡང་ན་རྫ་མདོག་ཡིན།

རིང་ཐུང་པུས་མོའི་ཡས་མས་སུ་སླེབས་པ་དང་གོང་བ་ཧ་ཅང་ཆེ་བའི་ཕུ་ཐུང་རིང་པོ་ལྡན་པའི་སྟོད་གོས་ཁྱད་ཆོས་ལྡན་པ་ཞིག་གྱོན་པ་དང་།སྒྲོག་གུའི་ཐད་བཤད་ན་དར་སྐུད་ཀྱིས་བཟོས་པ་མིན་ལ་དངུལ་དང་ཟངས་ཀྱིས་ལས་པའི་སྒྲོག་གུ་གོར་གོར་ཡིན།འདི་ནི་སྤྱིར་བཏང་བོད་ཀྱི་སྟོད་གོས་ལ་སྒྲོག་གུ་རྒྱག་སྟངས་ལྟར་གོང་བའི་ཁ་དང་ཕྲག་པ་ཐོག མཆན་ཁུག་འོག་བཅས་ལ་བཏགས།

བུད་མེད་རྣམས་ཀྱི་རྐེད་པ་དང་རྐེད་པའི་གཡས་གཡོན་ལ་གསེར་དང་དངུལ་གྱིས་བཟོས་པའི་རྒྱན་ཁ་ལངས། ཁ་ཟས། ལྕགས་ཐགཁག་བེགཁབ་ཤུགས།བེད་ཐུག་ཉ་ཁ་སྤྲོད་བཅས་ཟེར་བ་གང་མང་གིས་བརྒྱན་ཡོད།རིན་གོང་ཆེ་བའི་རྒྱན་གོས་རྣམས་དུས་སྟོན་སྐབས་མ་གཏོགས་དུས་རྒྱུན་ལས་ཀ་ལ་བརྩོན་དགོས་པས་གྱོན་སྲོལ་མེད།སོག་པོ་ཡུལ་ཚོའི་མོ་ལོ་གྲོང་པའི་ཁྱིམ་ཚང་གཅིག་གི་ནང་ལ་ལྟེབ་ཚིགས་བརྒྱབ་པའི་ཟུར་ལྷག་པར་མང་བ་དང་།མེ་ཏོག་དང་།རི་དྭགས་གང་མང་གཙགས།བདག་པོ་རང་གི་བཤད་ཚུལ་ལྟར་ན་ལྭ་བ་ཟུར་མང་དེ་ནི་མེས་པོའི་རྒྱུད་ནས་ཡོད་པར་མ་ཟད་ཧ་ཅང་གོང་ཆེན་ཡིན་པར་བཤད། 

 

བུད་མེད་ཀྱི་རྒྱུན་ལྭ་སྟེ་སྨད་གཡོགས།

སྨད་གཡོགས་ནི་རྒྱལ་རོང་བུད་མེད་རྣམས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་ཆས་ཤིག་རེད།དེ་ལ་མདུན་དཀྲིས་དང་རྒྱབ་དཀྲིས་བཅས་རིགས་གཉིས་ཡོད།དེང་སང་ཕལ་ཆེར་ནི་མདོག་ནག་པོའི་དར་སྣམ་གྱིས་བཟོས་པ་ཡིན།སྨད་གཡོགས་ཐོག་ཏུ་མེ་ཏོག་གཙགས་ཤིང་ཟུར་དུ་ཡང་མེ་ཏོག་གིས་རྒྱན་སྤྲས།གཙགས་དྲུབ་ཀྱི་མེ་ཏོག་གི་མང་ཉུང་དང་ཁ་དོག་གི་ཐོག་ནས་བུད་མེད་ཀྱི་ལོ་ཆེ་ཆུང་ཤེས་ཐུབ།སྨད་གཡོགས་ཐོག་ཏུ་གཙགས་པའི་མེ་ཏོག་ཇི་ཙམ་ཆེ་ན་ཁ་དོག་ཀྱང་མཛེས་བར་མངོན་པ་ཡིན།

 

བུད་མེད་དར་མ་དང་རྒན་པའི་རིགས་ཀྱིས་ནང་འཇམ་དཀར་པོའི་ལྭ་བ་གོན་པ་དང་།སྨད་གཡོགས་ངོས་སུ་རི་མོ་སྔོན་དང་སྡུར་ན་ཉུང་ཉུང་རང་ཡིན་ལ་མདོག་ཀྱང་སྐྱ་ཐལ་བ་ཞིག་ཡིན།ནམ་རྒྱུན་ངལ་རྩོལ་ལ་སྟབས་བདེ་པོ་ཡོང་ཆེད་ཕལ་ཆེ་བས་ཕྱི་གོས་མི་གྱོན་ནས་རང་དགར་གྱིས་ནང་འཇམ་དང་སྤུན་མདོག་གི་སྟོད་གོས་ཤིག་གོན་པ་རེད།ལོ་རྒན་པ་ཚོ་ནི་དེ་དང་མི་མཚུངས་ཏེ་ཁོ་ཚོས་ཕྱི་གོས་ཀྱང་གོན་པ་དང་།སྨད་གཡོགས་འཐག་དུས་ཁོག་སྨད་དུ་རྒྱ་ལུགས་ལྟ་བུའི་དོར་མ་གོན་པ་རེད།

མགོ་དཀྲིས་བག་རས།

རྒྱལ་རོང་བུད་མེད་རྣམས་ཀྱི་མགོ་ཡི་གཙུག་རྒྱན་ལ་བཅིངས་པའི་མེ་ཏོག་གཙགས་ཡོད་པའི་མགོ་དཀྲིས་ལ་བག་རས་ཟེར།བག་རས་ནི་མདོག་ནག་པོའི་དར་སྣམ་དང་རས་དཀར་ལས་བཟོས་པའི་རིགས་མི་འདྲ་བ་གཉིས་ཡོད།བག་རས་ཀྱི་ཟུར་ཕྱོགས་མཐའ་འགྲམ་ལ་མེ་ཏོག་མི་གཙགས་པའམ་ཡང་ན་མེ་ཏོག་སྐྱ་བོ་ཆ་རེ་གཙགས་དྲུབ་བྱེད་པའི་བག་རས་ནི་བུད་མེད་དར་མ་དང་རྒན་མོ་རྣམས་ཀྱིས་མགོ་ལ་འགེབས་པ་ཡིན།

 

ན་ཆུང་མ་དང་ཕྲུ་གུ་མ་སྐྱེས་པའི་བུད་མེད་གཞོན་ནུ་མའི་བག་རས་ཐོག་ཏུ་ཚོན་མདོག་ཅན་གྱི་སྐུད་པས་མཐའ་ལ་མེ་ཏོག་གཙགས་པ་དང་།ད་དུང་ཟུར་བཞི་དང་།མཐའ་འགྲམ།དཀྱིལ་དུའང་མེ་ཏོག་གཙགས་པ་ཡིན།སོག་པོ་དང་བྲག་སྟེང་བུད་མེད་ཀྱིས་བག་རས་དཀྲི་དུས་ལྟེབ་སྟངས་ལ་ཁྱད་པར་ལྡན་པས་མེ་ཏོག་གཙགས་ཚུལ་ལའང་ཁྱད་པར་འདུག་སྟེ།བྲག་སྟེང་བུད་མེད་ཚོས་བག་རས་ཀྱི་དཀྱིལ་དུ་མེ་ཏོག་གཙགས་པ་དང་།མེ་ཏོག་དབྱིབས་རིས་ཆེ་ཞིང་མགོ་དཀྲིས་ཡོངས་ལ་ཁེངས་པ་ཡིན།འོན་ཀྱང་སོག་པོ་ཡུལ་ཚོའི་བུད་མེད་ཚོས་བག་རས་ཀྱི་འོག་མ་དང་མཐའ་ཕྱོགས་སུ་མེ་ཏོག་གཙགས་པ་དང་།མེ་ཏོག་དབྱིབས་རིས་ཀྱང་ཅུང་ཆུང་བ་ཡིན།འདི་ནི་སོག་པོ་དང་བྲག་སྟེང་ས་གནས་གཉིས་ཀྱི་བུད་མེད་ཚོས་མགོ་རས་དཀྲི་དུས་ལྟེབ་རྩེག་བྱེད་ཐབས་མི་འདྲ་བ་དང་།མེ་ཏོག་གཙགས་གནས་མི་འདྲ་བ་གསལ་པོར་མངོན་པའི་རྒྱུ་མཚན་གྱིས་རེད།མི་རྒན་པ་ཚོས་བཤད་པ་ལྟར་ན་སྔོན་ཆད་བྲག་སྟེང་དང་སོག་པོ་ས་ཁུལ་གྱི་བག་རས་ཐོག་ཏུ་མེ་ཏོག་གཙགས་ལུགས་ཕལ་ཆེར་འདྲ་བ་རེད།  འོན་ཀྱང་དེང་དུས་མཛེས་པོ་ཡོང་ཆེད་འགྱུར་ལྡོག་ཕྲན་ཙམ་བྱུང་ཡོད།བུད་མེད་ལ་ལས་མཛེས་པོ་དང་སྟབས་བདེ་ཡོང་ཆེད།ཁོ་རང་རྣམས་ཀྱིས་ཁྲོམ་ར་ནས་ཐད་ཀར་མིག་འཚེར་བའི་ཕྲེང་བ་ཞིག་ཉོས་ཏེ་བག་རས་ཐོག་ཏུ་རྒྱན་སྤྲས་ནས་ཚོན་སྐུད་མེ་ཏོག་གཙགས་དྲུབ་ཀྱི་རྣམ་པ་མཚོན།མདོག་ནག་པོའི་བག་རས་ནི་ཕལ་ཆེར་སྟོན་དགུན་དུས་ཚིགས་གཉིས་སུ་མགོ་ལ་འགེབས་པ་དང་མདོག་དཀར་པོ་ནི་དབྱར་དཔྱིད་དུས་གཉིས་ཀྱི་སྐབས་ལ་འགེབས་པ་རེད།

 

བག་རས་དཀྲིས་ཏེ་ལྷག་པར་མཛེས་པའི་ཆེད་དུ་བག་རས་ཀྱི་ཟུར་བཞིའི་ཕྱོགས་སམ་བདུན་གྱི་ཟུར་གཉིས་སོ་སོར་ཚོན་སྐུད་ལྷོད་པ་ཞིག་འཕྱང་ཡོད།གཞོན་ནུ་མའི་བག་རས་ནི་རང་ཉིད་ཀྱི་དགའ་ཞེན་ལ་བསྟུན་ནས་རང་དགར་གྱིས་ཚོན་ཐག་དཔྱང་ཆོག་ལ།ཁ་དོག་ཕལ་ཆེར་ནི་དམར་སྐྱ་དང་།སྐྱ་སེར།ལྗང་སྐྱ་སོགས་ཡིན།འོན་ཀྱང་དར་མ་དང་རྒན་མོ་ཚོ་ནི་དེ་དང་མི་འདྲ་སྟེ་ཉུང་ཤས་ཀྱིས་མ་གཏོགས་ཚོན་ཐག་སྐྱ་བོ་གཙགས་མི་ཆོག་པས།ཕལ་ཆེ་བ་ཡིས་ནག་ཤུགས་ཆེ་བ་དཀྲིས་པ་རེད།དེ་ལས་ལྡོག་ན་གཞན་གྱིས་བཞད་གད་བྱེད་པ་རེད།

 

བག་རས་མགོ་ལ་དཀྲིས་ནས་བརྟན་པོ་ཡོང་དགོས་ན་སྐྲའི་སླ་ཚུལ་བརྟན་པོ་བྱེད་དགོས་པ་ཡིན་ལ།འདི་གའི་མི་རྣམས་ཀྱིས་ངལ་རྩོལ་བྱེད་སྐབས་སྟབས་བདེ་ཡོང་ཆེད་དང་།ཉི་དྲོད་ཚ་བས་སྐྲ་རིང་འཇོག་པ་ལས་རྔུལ་ཆུ་འབབ་པའི་དཀའ་ཚེགས་འགོག་པའི་ཆེད་དུ།ནག་ཅིང་རིང་བའི་སྐྲ་ཐུང་ངུར་བཅད་པ་རེད།བཅད་པའི་སྐྲ་རྣམས་ཕྱི་ལ་མི་འདོར་བ་མ་ཟད་ཁྲོམ་རའི་ནང་ནས་ཉོས་པའི་སྐུད་པ་དང་གཅིག་ཏུ་བསླས་ནས་སྐྲ་རྫུན་བཟོས་ཏེ།ཕྱིན་ཆད་དགོས་པའི་དུས་སུ་མགོ་རྒྱན་དུ་བཀོལ་བ་རེད།ལེགས་པོར་བསླས་ཚར་བའི་སྐྲའི་ངོས་སུ་མགོ་རྒྱན་འདོགས།མགོ་རྒྱན་ནི་གསེར་དངུལ་ལས་བཟོས་ཏེ་དེ་ལ་རིན་ཆེན་བྱུ་རུའི་རྒྱན་སྤྲས་པའི་སྐྲ་ལོང་དང་བ་སོ་རྡོག་པོ་སོགས་ཡོད།

ལྷམ།

དེ་ཡང་རང་ལག་རང་འགུལ་གྱིས་ཟས་གོས་གཉིས་འཛོམས་ཡོང་བར་བྱེད་པ་རེད་ཅེས་བཤད་ཆོག་སྟེ་ས་འདི་གའི་མི་རྣམས་ཀྱིས་གཡག་ཀོ་ཡིས་རྒྱུ་ཆ་གཙོ་བོར་བྱས་ནས་བཟོས་པའི་འཇུར་རྟ་ཡུ་རིང་ནི་གོམ་ཁ་སྤོ་སྐབས་ཡང་ཞིང་སྟབས་བདེ་བ་ཞིག་རེད།

ཕོ་ལྷམ་དང་མོ་ལྷམ་ཕལ་ཆེར་འདྲ་ནའང་ལྷམ་མཐིལ་ལ་ཁྱད་པར་ཅུང་ཙམ་ཡོད་དེ།ཕོ་ལྷམ་གྱི་ལྷམ་རྩེ་ནི་ཅུང་བཀྱག་ལ་མོ་ལྷམ་ནི་ཅུང་ཆ་སྙོམས་ཡིན་པས་གཡག་ཀོ་ལས་བཟོས་པ་ནི་བཤད་མི་དགོས་པ་རེད།ལྷམ་སྒྲོག་ལ་ཚོན་རིས་མི་འདྲ་བའི་རི་མོ་ཡོད་པས་སྤྱིར་བཏང་འཇུར་རྟ་ཡུ་རིང་པུས་མོའི་ཉེ་ཕྱོགས་ལ་འཁྱིག་ཡོད།དུས་རྒྱུན་གྱི་འཚོ་བའི་ནང་མི་ཚོས་འགྱིག་ལྷམ་དང་ཀོ་ལྷམ་སོགས་ཅི་དགར་གྱོན་པ་རེད།

 

རྒྱན་འདོགས།

རྒྱན་སྤྲོས་དངོས་རྫས་གཙོ་བོ་ལ་ནི་དངུལ་ལས་བཟོས་པའི་མགོ་རྒྱན་ཏེ་དེའི་ནང་བྱུ་རུ་དང་གཡུ་བཅས་ཡོད།རིན་ཆེན་ནོར་བུའི་དོ་ཤལ་དང་རྣ་ལོང་།སོར་གདུབ་དང་ལག་གདུབ་བཅས་དེ་དག་ཕལ་ཆེར་ནི་དངུལ་ལས་བཟོས་པ་ཡིན་ལ་ལག་གདུབ་བ་སོ་ལས་བཟོས་པའང་ཡོད་པ་དང་རྒྱན་དངོས་དེ་དག་ནི་ལོ་སར་དང་དགོན་པའི་ཆོས་ཚོགས།གཉེན་སྒྲིག་བཅས་ཀྱི་རྟེན་འབྲེལ་ཚོགས་ཆེན་སྐབས་སུ་གྱོན་བཏགས་བྱེད་པ་ཞིག་རེད།

བུད་མེད་ཀྱི་རྣ་ལོང་ལ་དབྱིབས་སྣ་མང་ཡོད།ད་དུང་དུས་ཡུན་ཧ་ཅང་རིང་བའི་རྒྱན་རིགས་ཤིག་ཡོད་པ་དེ་ནི་ཐུར་འཕྱང་དབྱིབས་ཡིན་ལ་ཐམས་ཅད་དངུལ་ལས་བཟོས་པ་ཞིག་རེད།སོག་པོ་ཡུལ་གྱི་བུ་མོ་ཚོའི་མགོ་རྒྱན་དང་རྣ་ལོང་གི་ཐད་ལ་ཁྱད་ཆོས་དམིགས་བསལ་ཡོད་པར་མ་ཟད།དོ་ཤལ་ཡང་མཛེས་ཤིང་ལྟ་ན་སྡུག་ལ་སྤུས་ལེགས་དང་རིག་སྣ་མང་པོ་ཡོད།བྱུ་རུའི་ཕྲེང་བ་དང་གའུ།གཡུ་དང་སྤོས་ཤེལ།བ་སོ་བཅས་ཀྱི་ཕྲེང་བ་བསྲེས་པའང་ཡོད།ད་དུང་ལག་གདུབ་དང་སོར་གདུབ།ལག་འདོགས་ཆུ་ཚོད་སོགས་བཏགས་པའང་ཡོད།

སྐྱེས་པའི་རྒྱན་གོས།

རྒྱལ་རོང་སྐྱེས་པ་ཚོས་དུས་རྒྱུན་གྱི་འཚོ་བའི་ནང་མང་ཆེ་ཤོས་ཀྱིས་རས་ཆའི་བོད་ཆས་སྤྲས་པ་དང་།དེ་མིན་དགའ་སྟོན་དང་དགོན་པའི་དབྱར་ཆོས་སོགས་དུས་ཆེན་དང་ཐུག་སྐབས་ཕལ་ཆེར་བལ་རིགས་ཀྱིས་བཟོས་པའི་རྒྱན་གོས་གྱོན།ཁ་དོག་མང་ཆེ་བ་ནི་ནག་པོ་དང་རྫ་མདོག་ཡིན། སྐྱེས་པ་ཚོའི་མགོའི་ཞྭ་མོ་ལ་དབྱར་དཔྱིད་གཉིས་ཀྱི་དུས་སུ་རྒྱ་གར་ཞྭ་མོ་དཀར་པོ་དང་།སྟོན་དགུན་གཉིས་ལ་ཚེ་རིང་དཀྱིལ་འཁོར་གོན།ཚེ་རིང་དཀྱིལ་འཁོར་ལ་དངུལ་མདོག་དང་འདྲ་བའི་དར་སྐུད་ཕྲ་མོས་གཙགས་པའི་མེ་ཏོག་འདྲ་མིན་སྣ་ཚོགས་ལྡན་ལ་ཧ་ཅང་མཛེས་པ་དང་།ཕོ་གསར་ཚོས་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་བཞིན་རྐེད་པ་ལ་ཕྲ་རྒྱན་མང་པོ་ཡོད་པའི་གྲི་ཆེན།གྲི་ཆུང་འདོགས།དེ་མིན་དུས་རྒྱུན་དུ་རྒྱལ་སྤྱིའི་གོན་པ་གྱོན་པ་དེ་ནི་ལས་ཀ་ལས་བདེ་བའི་ཆེད་དུ་རེད།ལྷམ་ལ་དུས་སྟོན་སྐབས་བོད་ཀྱི་ཀོ་ལྷམ་དང་དུས་རྒྱུན་དུ་སྤྱིར་བཏང་གི་ལྷམ་གྱོན།དགུན་དུས་སླར་ཡང་བལ་རིགས་ཀྱིས་འཐག་པའི་གོས་གྱོན་ལ་གཞན་ཧ་ལམ་འདྲ།ཐུན་མོང་མ་ཡིན་པའི་གོན་པ།རྒྱན་རིགས།གོས་གྱོན་ལུགས་བཅས་དངོས་གནས་ཡ་མཚན་ཅན་དང་ཡིད་སྤྲོ་བ་ཞིག་རེད།

1501575752828672.jpg

ལི་ཆས་དང་ཁྲོ་ཆས་རིགས་ཀྱི་བཟོ་རྩལ།

ལོ་རྒྱུས་ཐོག་རྒྱལ་རོང་གི་བཙན་ལྷ་དང་ཆུ་ཆེན་སོགས་ལ་ལི་ཆས་དང་ཁྲོ་ཆས་སོགས་ཀྱི་བཟོ་རྩལ་ཕུལ་དུ་བྱུང་བའི་ལོ་རྒྱུས་ཡོད།འོག་གི་པར་འདི་རྣམས་ནི་བསྟན་པའི་རྒྱལ་མཚན་དང་བྱང་ཆུབ་གཉིས་ཀྱིས་ཉར་ཚགས་གནང་བའི་རྒྱལ་རོང་བའི་བཟོ་རྩལ་ལས་ཐོན་པའི་དངོས་པོ་ཁག་ཅིག་ཡིན།

ཨ་མྱེ་སྒོ་གདོང་གི་ལྷམ་ལ་དཔེ་བྱས་པའི་ཆང་དམ།

བྱ་ཏོ་ཏོ་ལ་དཔེ་བྱས་པའི་ལི་ཆས་ཀྱི་ཆབ་ཏོག

ཆང་ཏི།

སྦལ་གཟུགས་ཆང་སྣོད།

བཙན་ལྷའི་ཡུལ་ནས་བཟོས་པའི་སིལ་སྙན།

བཀྲ་ཤིས་རྟགས་དྲུག་ཅན་གྱི་བུམ་པ།

རྒྱལ་རོང་བུ་མོའི་ནར་སོན་པའི་ཆོ་ག།

རྒྱལ་རོང་བུ་མོའི་ནར་སོན་པའི་ཆོ་གར་ལོ་རྒྱུས་ཡུན་རིང་ལྡན་ཞིང་སྲོལ་རྒྱུན་གྱི་མཛེས་མ་འདེམས་པའི་བྱེད་སྒོའི་གྲས་ཤིག་ཡིན།  སྤྱིར་བཏང་ནར་སོན་པའི་ཆོ་ག་ནི་གྲོང་སྡེ་རེ་རེ་བཞིན་བླ་སྤྲུལ་དང་ཡང་ན་མི་རྒན་པས་མི་རྣམས་ཁོམ་དལ་ཡོད་དུས་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོ་བདམ་ནས་སྤེལ་དགོས།

རྒྱན་གསར་འདོགས་ཞེས་རྭ་དབྱིབས་དང་མཚུངས་པའི་སྐྲའི་ལན་བུ་བཀོད་ལེགས་ཡིད་དབང་འཕྲོག་པ་བཟོ་དགོས། བུ་མོ་ལོ་བཅུ་དྲུག་སོན་ཞིང་ནར་སོན་པའི་ཆོ་ག་སྤེལ་རྗེས་གཞི་ནས་གཉེན་སྒྲིག་ཆོག་གི་ཡོད། དེ་བས་ནར་སོན་པའི་ཆོ་ག་ནི་རྒྱལ་རོང་གི་བུ་མོ་ཞིག་ལ་མཚོན་ན་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་དོན་ཆེན་ནང་གི་འགངས་ཆེན་ཞིག་ཡིན།

དེའི་ཐོག་ནས་རྒྱལ་རོང་བོད་རིགས་ཀྱིས་མི་རབས་རྗེས་མར་སེམས་ཁུར་དང་བུད་མེད་ལ་བརྩི་བཀུར་ཞུ་བའི་དམངས་ཁྲོད་ཀྱི་གོམས་སྲོལ་ཡག་པོ་དར་ཡོད་པ་མཚོན་ཐུབ་བོ།།

1501575752728927.jpg

རོང་བྲག་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

རོང་བྲག་རྫོང་གྲོང་གི་ལམ་སྒྲོན་ནི་གཞུང་རྟ་ཉིས་གཤིབ་ཅན་གྱི་ཐོག་ལ་ཨ་མྱེས་སྒོ་གདོང་གི་ལྷམ་གཟུགས་སུ་གྲུབ་པའི་སྒྲོན་སྟེགས་ཕྱོགས་བཞི་དཀྱིལ་དང་བཅས་པ་ལྔའི་ནང་དུ་ནོར་བུའི་དབྱིབས་སུ་བྱས་པའི་གློག་སྒྲོན་གསུམ་གྲལ་བསྟར་བསྒྲིགས་ནས་ཡོད། རྒྱང་རིང་ནས་བལྟས་ན་ཁྱུང་གཤོག་བརྐྱངས་པའི་རྣམ་པ་མངོན་བས་རྒྱལ་རོང་ལོ་རྒྱུས་དང་བོན་རིག་གནས་ཀྱི་ཤན་ཆེན་པོ་ཞུགས་ཡོད་པ་རེད། །

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716