སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དཔལ་ཡུལ་གྱི་མིང་གི་འབྱུང་ཁུངས།
སྤེལ་དུས། 2017-08-11   ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།   རྩོམ་པ་པོ།  

1502182593214616.jpg

དཔལ་ཡུལ་གྱི་མིང་གི་འབྱུང་ཁུངས།

གནའ་སྔ་མོའི་དུས་སུ། དཔལ་ཡུལ་རྫོང་མཁར་ཡོད་ས་འདི་ནི་མཚོ་ཆེན་པོ་ཞིག་ཡིན་ཞིང་མིང་ལ་ན་ཆུང་མཚོ་ཟེར། མཚོ་དེའི་ཤར་ཕྱོགས་སུ་ཁང་བུ་བྲག་ཕུག༼མདའ་ཁོ་རི་བོ།༽ཡོད། ཁང་བུ་བྲག་ཕུག་གི་ཕྱོགས་སུ་ད་དུང་མཚོ་ཞིག་ཡོད་པ་དེའི་མིང་ལ་གདང་ཕེ་མཚོ་ཟེར། གདང་ཕེ་མཚོའི་ཕྱོགས་སུ་རི་བོ་ཞིག་ཡོད་ཅིང་མིང་ལ་སྨེ་ནོ་རི་བོ་ཟེར།སྨེ་ནོ་རི་བོ་ནི་དཔལ་འཛོམས་རི་བོའི་སྤུན་ཡིན། གདང་ཕེ་མཚོ་ནི་ན་ཆུང་མཚོ་ཡི་ནུ་མོ་ཡིན། མཚོ་དེའི་ལྷོ་ཕྱོགས་ནི་བྲག་ཁ་ཆུ་རི་བོ་ཡིན། དེ་ནར་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་ཡོད། མཚོ་དེའི་ལྷོ་ཕྱོགས་ནི་སྨེ་ནོ་རི་བོའི་སྤུན་དཔལ་འཛོམས་རི་ཡིན། དེ་ནི་མོ་རི༼སྒྲོལ་མ༽ཡིན། རི་བོ་འདིར་ལྷ་མང་པོ་བཞུགས་ཡོད་པར་གྲགས། བྱང་ངོས་ནི་སྒ་པ་རི་བོ་ཡིན་ལ་སྒ་པ་རི་ནི་བོད་ཡིག་གི་ད་དང་ཧ་ཅང་འདྲ། ཁང་བུ་བྲག་ཕུག་ནི་བོད་ཡིག་གི་པ་དང་འདྲ། བྲག་ཁ་ཆུའི་མདུན་ངོས་ཀྱི་རི་བོ་ནི་བོད་ཡིག་གི་ལ་དང་འདྲ། ཡི་གེ་དེ་གསུམ་པོ་མཉམ་དུ་སྦྱར་ན་དེང་སྐབས་ང་ཚོས་བརྗོད་བཞིན་པའི་དཔལ་ཞེས་པའི་མིང་འདི་གྲུབ་པ་རེད། ཡུལ་ནི་ང་ཚོས་ཤེས་གསལ་ལྟར་བོད་སྐད་དུ་ས་ཁོངས་སམ་ཕ་ཡུལ་ལ་འཇུག་པས་ན་དཔལ་ཡུལ་ཞེས་པའི་མིང་འདི་བཏགས་པར་གྲགས།

ཡང་ལ་ལས་དཔལ་ཞེས་པ་ནི་བཀྲ་ཤིས་སམ་ཕུན་སུམ་ཚོགས་པའི་དོན་ཡིན་ཞིང་། ཡུལ་ཞེས་པ་ནི་ས་ཁོངས་སམ་ས་གནས་ལ་གོ་དགོས། ཤོད་རྒྱུན་ལ་ས་གནས་དེ་ནི་དེ་བཞིན་གཤེགས་པ་དང་འཕགས་པ་སྤྱན་རས་གཟིགས་ཀྱིས་སྔགས་བླ་མེད་གསུངས་པའི་གནས་ཡིན་ཞིང་མཐའ་བཞིའི་ས་དབྱིབས་རི་མོ་བཀྲ་ཤིས་རྟགས་བརྒྱད་ལས་གྲུབ་ཅིང་དཔལ་ཕུན་སུམ་ཚོགས་པའི་ཡུལ་མཆོག་ཡིན་པའི་ཆ་ནས་མིང་འདི་ལྟར་བཏགས་ཞེས་བཤད།

1502182593836627.jpg

ཡང་དཔལ་ཡུལ་གྱི་བྱང་ཕྱོགས་སུ་གངས་རི་དང་མཚོ་མོ་ཡོད་ཅིང་། གངས་ལ་ཉི་མ་ཤར་བས་གཡུ་དཀར་པོ་དང་མཚུངས་པས་མིང་དེ་ལྟར་བཏགས་པ་དང་། གཞི་བདག་དཔལ་འཛོམས་གནས་པའི་ཡུལ་ཡིན་པས་དཔལ་ཡུལ་ཞེས་བཏགས་པ་སོགས་ཀྱི་བཤད་རྒྱུན་ཡོད་དོ།།

1502182593818187.jpg

དཔལ་ཡུལ་རྫོང་གི་གནས་ཚུལ་མདོར་བསྡུས།

དཔལ་ཡུལ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་གནས་ཡོད་ཅིང་། ཤར་ཉག་རོང་རྫོང་དང་ལྷོ་འབའ་ལི་ཐང་། ནུབ་བོད་ལྗོངས་ཀྱི་གོ་འཇོ་དང་འཇོ་མདའ། བྱང་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་དཀར་མཛེས་རྫོང་སོགས་དང་ས་འབྲེལ་བྱས་ནས་གནས་ཡོད་པ་རེད།

1502182593626993.jpg

དཔལ་ཡུལ་རྫོང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ10591ཡོད་པ་དང་མངའ་ཁོངས་སུ་གྲོང་རྡལ་གཅིག་དང་ཤང་ཁག16  སྲིད་འཛིན་གྲོང་ཚོ156 མི་འབོར་ཁྲི5.36ཡོད་ཅིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཆགས་པའི་དཔལ་ཡུལ་རྫོང་ནི་དཔལ་ཡུལ་དགོན་པ་ལས་མིང་དེ་ཐོགས། དགོན་པ་ཞིག་ཆགས་པ་ལས་རྫོང་མཁར་ཞིག་བསྐྲུན་པ་ནི་རྒྱལ་ཡོངས་སུ་འདི་གཅིག་པུ་ལས་མེད་པ་རེད།

དཔལ་ཡུལ་དགོན་ནི་རིའི་དབྱིབས་གླང་ཆེན་དང་འདྲ་བས་གླང་ཆེན་རི་བོ་ཞེས་པའི་སྟེང་ན་ཆགས་ཡོད་པ་དང་།རི་སྐེད་དུ་དཔལ་ཡུལ་རྫོང་མཁར་དང་དད་ལྡན་མི་སེར་རྣམས་ཀྱི་སྡོད་ཁང་ཡོད། རྒྱང་རིང་ནས་བལྟས་ན་མིག་ལམ་དུ་དགོན་པ་དང་རྫོང་མཁར་མཉམ་དུ་ཆགས་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་མངོན།

1502182593211532.jpg

དཔལ་ཡུལ་ས་ངན་གྱི་གཉེན་སྒྲིག་ལུགས་སྲོལ།

དཔལ་ཡུལ་ས་ངན་ནི་གཉེན་སྒྲིག་སྐོར་ཕ་རྒྱུད་གཙོ་བོ་བྱེད་པའི་ཡུལ་ཞིག་ཡིན་ཞིང་ཕོ་མོ་ཕན་ཚུན་བར་ཕ་ཚོའམ་སྐོར་པ་གཅིག་པ་ཡིན་པར་ཤེས་ན་གཉེན་སྒྲིག་སྲོལ་མེད། གལ་སྲིད་དོན་དེ་འདྲ་བྱུང་ན་ངོ་ཚར་བརྩི། ཡིན་ཡང་མའི་ཕྱོགས་ཀྱི་གཉེན་ཉེ་དང་གཉེན་སྒྲིག་སྲོལ་ཡོད།

1502182594868177.jpg

ཕོ་མོའི་གཉེན་སྒྲིག་གི་འདུན་པ་ནི་རང་དབང་མིན་ལ་ཕ་རྒན་དང་ཨ་ཁུ་གཙོ་བོར་བྱས་པའི་ཕ་ཚོས་ཕྱོགས་ནས་ཐག་གཅོད་པ་ལས་བུ་དང་བུ་མོའི་བར་རང་མོས་ཀྱིས་གཉེན་མཐུན་བྱུང་སྟེ་བསྡད་པ་ནི་ཧ་ཅང་ཉུང་།སྤྱིར་བཏང་ཁྱོ་གཅིག་ལ་ཤུག་གཅིག་ཡོད་པ་ནི་རྒྱུན་སྲོལ་ཞིག་ཏུ་ངེས་ནའང་།ཕ་རྒྱུད་ཀྱི་ལུགས་སྲོལ་མི་འདྲ་བས་ཤུག་གཅིག་ལ་ཁྱོ་གཉིས་དང་གསུམ་ཡོད་པའི་སྲོལ་ཡོད།

1502182594739390.jpg

གལ་སྲིད་མནའ་མ་ལ་བུ་མེད་ན་ཁྱོ་གས་མནའ་མ་གཞན་བཙལ་ཆོག་པའི་སྲོལ་ཡང་འདུགགནའ་དུས་སུ་བུ་མོར་མག་པ་འཇོག་པའི་ལུགས་སྲོལ་མེད་ནའང་། དེང་སང་བུ་མོར་ཡང་མག་པ་འཇོག་ཆོག་པའི་སྲོལ་ཡོད་པ་རེད།

དཔལ་ཡུལ་ཧོར་སྤོའི་བོད་རིགས་ལག་ཤེས་བཟོ་རྩལ།

དཔལ་ཡུལ་ཧོར་སྤོའི་བོད་རིགས་ལག་ཤེས་བཟོ་རྩལ་གྱི་ལོ་རྒྱུས་ནི་ལོ་ངོ1300ཡར་སྔོན་ལ་ཁུངས་འདེད་བྱས་ཆོག སྲོང་བཙན་སྒམ་པོའི་དུས་སྐབས་ནས། བོད་རྒྱལ་གྱིས་ཁམས་ཕྱོགས་ལ་དམག་དྲངས་ནས། ཤར་ལྷོའི་ཕྱོགས་སུ་ནང་ཁུལ་མཚམས་མ་ཆད་པར་རྒྱ་བསྐྱེད། སྐབས་དེ་ནས་གྲི་མདུང་དང་ཕུབ་མདའ་གཞུ་སོགས་མཚོན་ཆ་ལུགས་རྒྱག་འགོ་བརྩམས།

1502182594860446.jpg

ཧོར་སྤོའི་ལག་བཟོ་བས་ས་ཆ་དེ་གའི་ལྕགས་གཏེར་ས་ཐབས་ལྕགས་བཞུ་བེད་སྤྱད་ནས་མཚོན་ཆ་ལུགས་རྒྱག་བྱེད་པའི་རྒྱུ་ཆ་བྱས་ཤིང་། དེང་སྐབས་ཀྱང་རག་ཆབ་ཨ་རིག་ལུང་པ་ནས་སྐབས་དེར་ལྕགས་བཙོ་སྦྱངས་བྱས་པའི་རྗེས་ཤུལ་མཐོང་ཐུབ། ཧོར་སྤོའི་ལག་ཤེས་བཟོ་ལས་སྒྱུ་རྩལ་འཕེལ་རྒྱས་དང་ནར་གསོན་པ་དེས་ཁམས་ཕྱོགས་ཀྱི་དགོན་པ་དང་པོ་ཀཿཐོག་དགོན་པ་འཛུགས་སྐྲུན་བྱུང་བར་ཤུགས་རྐྱེན་བཟང་བོ་ཐེབས། ལྷ་ཆས་སམ་མཆོད་ཆས་ཐོན་སྐྱེད་དང་ཐང་ཀའི་བཟོ་རྩལ་ཕྱོགས་ཀུན་ལ་ཁྱབ།

 

དུས་དེ་ནས་མི་རིགས་ལག་ཤེས་བཟོ་ལས་སྒྱུ་རྩལ་དང་ཆོས་ལུགས་བར་གཅོད་མི་ཐུབ་པའི་འབྲེལ་བའི་འགོ་ཁུངས་བྱུང་། དཔལ་ཡུལ་ཧོར་སྤོའི་བཟོ་ལས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱིས་བྱེ་བྲག་གི་ཆ་ནས་རྒྱ་བོད་མི་རིགས་ཀྱི་རྒྱུན་རིང་བའི་རིག་གནས་འབྲེལ་འདྲིས་ཀྱི་འབྲེལ་བ་མཚོན་པ་རེད།

1502182594226923.jpg

དཔལ་འཛོམས་རི་བོ།

དཔལ་ཡུལ་དགོན་པའི་གནས་བདག་དཔལ་འཛོམས་རྡོ་རྗེ་དགྲ་འདུལ་ནི། དཔལ་ཡུལ་རྫོང་ནས་སྤྱི་ལེ་དྲུག་ཙམ་གྱི་མཚམས་སུ་ཆགས་ཡོད།  རི་འདིའི་མདུན་དུ་སྔ་འགྱུར་བའི་མ་དགོན་སྡེ་ཆེན་མོ་དྲུག་གི་ཡ་གྱལ་རྒྱལ་དབང་དཔལ་ཡུལ་བ་སྟེ་ཐོག་མར་གྱེ་རེ་ཆོས་སྐྱོང་དབང་པོས་ཕྱག་བཏབ་ཅིང་། དེ་རྗེས་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་བསྐྱར་གསོ་མཛད་པའི་དཔལ་ཡུལ་དགོན་པ་ཆགས་ཡོད་པ་དང་། གཡས་ཕྱོགས་སུ་སྒྲུབ་པ་བཀའ་བརྒྱད་དང་།བདུན་བརྒྱ་ཉེར་ལྔའི་གནས།རྒྱབ་ཕྱོགས་སུ་སྦྲུལ་རི་རྡོ་རྗེ་བྲག་རྫོང་ཞེས་སྔར་གྱི་དགོན་རྙིང་ཞིག་དང་། གཡོན་དུ་སྤང་ཀོང་ཆོས་གླིང་ཞེས་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཆགས་ཤུལ་བཅས་ཡོད།

1502182594959000.jpg

མདུན་དུ་སྒྲོལ་མའི་གནས་རི་དང་། དེའི་འོག་ཏུ་བསིལ་བའི་ཚལ་གྱི་དུར་ཁྲོད་རང་བྱོན་དང་གནས་ཀྱི་བྲག་ངོས་སུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ། ཤཱ་རིའི་བུའི་སྐུ་སོགས་མཇལ་རྒྱུ་ཡོད། བྲག་རི་སྟེ་གནས་ཀྱི་ནང་ན་གབ་པའི་མཚོ་བརྒྱད་ཡོད་ཅེས་གནའ་མི་དག་གིས་བཤད་སྲོལ་ཡོད་ལ། གནའ་མི་རྒན་པོ་ཞིག་གིས་མཚོ་གཅིག་དངོས་སུ་མཐོང་མྱོང་བ་རེད་ཟེར།  གཡོན་ཕྱོགས་ཤིག་ལ་སྐུ་ལྷ་ཐང་ཟེར་བའི་གནས་སུ་ལྷ་སྐུ་སོགས་རང་བྱོན་གྱི་རིགས་ཤིན་ཏུ་མང་། དེ་བཞིན་གནས་འདིའི་གཡས་གཡོན་མདུན་རྒྱབ་ཀྱི་ལྷ་སྐུ་དང་ཡིག་འབྲུ་སོགས་ཀྱི་རང་བྱོན་བགྲང་གིས་མི་ལངས། གནས་འདིའི་འོག་གི་བྲག་ངོས་ལ། གླིང་གེ་སར་རྒྱལ་པོའི་ཞབས་རྗེས་དང་། མདའ་མདེའུ་ཡི་རྗེས། ཆིབས་པའི་གནས་སོགས་མང་བ་རེད།

དཔལ་ཡུལ་ཀཿཐོག་དགོན་པ།

རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་རྙིང་མ་བའི་དགོན་སྡེ་དྲུག་གི་གྲས་ཤིག་ཡིན་པ་དང་།  དགོན་སྡེ་དྲུག་པོའི་ནང་ནས་ཆེས་སྐད་གྲགས་ལྡན་པའི་དགོན་པ་ཞིག་ཡིན་པ་རེད།

 

ངག་རྒྱུན་དུ་དགོན་པ་གནས་སའི་སྟེང་ཕྱོགས་ཕ་བོང་ཐོག་ལ་རང་བྱུང་གི་ཀ་ཡིག་ཅིག་ཡོད་པས་ན་དགོན་མིང་ལའང་ཀཿཐོག་དགོན་ཞེས་བཏགས་པར་བཤད།ཡང་ལ་ལས་ཀ་ཐོག་དགོན་དེ་ཁམས་ཁུལ་གྱི་དགོན་པ་དང་པོ་ཡིན་པས་ཁམས་ཁུལ་གྱི་རིག་གནས་དར་འཕེལ་ལྟེ་གནས་ཀྱང་ཟེར་བ་རེད་ཅེས་བཤད།

དཔལ་ཡུལ་ས་ངན་གྱི་ས་བྲིས།

སྤྱིར་ས་ངན་ཞེས་པ་ནི་ཡོངས་གྲགས་སུ་རེ་ཁེ་ཆུ་ཉི་སྲིབ་གཉིས་ཀྱི་ཡུལ་ཚོ་སོ་སོར་གོ་དགོས་ཏེ། ད་སྐབས་རྫོང་བཞི་རུ་གཏོགས་ཤིང་། གོ་འཇོ་རྫོང་ཁོངས་ཀྱི་ཁེ་རུ་ཡུལ་ཚོ། གློག་སྨད་ཡུལ་ཚོ། གསེར་ཐང་ཡུལ་ཚོ།སྨིན་མདོ་ཡུལ་ཚོ།བྱང་སང་ཡུལ་ཚོ།འབུམ་སྐྱེས་ཡུལ་ཚོ། དེ་ཚོ་ནི་ས་ངན་ཡུལ་རྐྱང་པ་ཡིན་པ་དང་། ས་ངན་ལུང་པ་དང་གོ་འཇོའི་ལུང་པ་གཉིས་འདྲེས་མ་ཡིན་པའི་ཡུལ་ཚོ་ནི་ལྷ་ཐོག་ཡུལ་ཚོ་དང་། ཨ་དབང་ཡུལ་ཚོ། གཙེས་པ་ཡུལ་ཚོ་སོགས་ཡིན།

1502182594400809.jpg

སྨར་ཁམས་རྫོང་ལ་གཏོགས་པའི་སྒོ་ཕོ་ཡུལ་ཚོ། འབའ་ཐང་རྫོང་ལ་གཏོགས་པའི་རྒྱ་ཡན་ཡུལ་ཚོ།དཔལ་ཡུལ་རྫོང་ལ་གཏོགས་པའི་ས་ངན་ཡུལ་ཚོ་ཡང་ན་གསེར་པ་ཡུལ་ཚོ་བཅས་སུ་གནས་ཡོད་ཅིང་།ས་ངན་ས་བྲིས་ཞེས་པ་ནི་ས་ངན་ནས་དར་ཁྱབ་བྱུང་བས་ན་དེ་ལྟར་འབོད།རྗེ་འབངས་ཉེར་ལྔའི་ནང་ནས་ལྡན་མ་རྩེ་མང་གི་ཡང་སྤྲུལ་བྲིས་པ་ཆོས་འགྲུབ་ཟེར་བ་དུས་རབས་བཅུ་དགུའི་སྔོན་ཙམ་ནས་ས་ངན་བླ་ཆུ་སྟེང་ཕབ་ཚང་དུ་སྐུ་འཁྲུངས་ཤིང་ས་བྲིས་ཡིག་གཟུགས་ཀྱི་འབྲི་རྒྱུན་གསར་གཏོད་མཛད།

1502182594606129.jpg

སྔ་འགྱུར་རྙིང་མའི་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།

དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ1664ལོར་དཔལ་རྡོ་རྗེ་སེམས་དཔའི་རྣམ་རོལ་འོད་གསལ་སྙིང་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང་།སྐྱེས་རབས་ཉིས་སྟོང་ཐུགས་ལ་སྐད་ཅིག་གིས་གསལ་བ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། ཆོས་ལུགས་ནི་སྔ་འགྱུར་བཀའ་མ་དང་།གནམ་ཆོས།   གཏེར་སྟོན་རཏྣ་གླིང་པའི་གཏེར་ཆོས་སུ་མཛད། ཁྱད་པར་དུ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་དང་། གྲུབ་དབང་པདྨ་ནོར་བུའི་སྐུ་སྐྱེ་གསུམ་པ་ཐུབ་བསྟན་ཆོས་ཀྱི་གླང་པོ་སོགས་ཀྱིས་སྔ་འགྱུར་བཀའ་གཏེར་ཡོངས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་ཕྲིན་ལས་རླབས་ཆེན་པོས་ཡོངས་སུ་སྐྱོང་བ་ལས་གྲུབ་དབང་དཔལ་ཡུལ་བ་ཞེས་གྲགས་པའི་བ་དན་གངས་ལྗོངས་ཁྱོན་དུ་ཁྱབ་པའི་ཆོས་རྒྱུན་འདི་བྱུང་བ་ཡིན།

 

དཔལ་ཡུལ་ས་ངན་གྱི་འདས་མཆོད་རིག་གནས།

གནས་འདི་གའི་མི་གང་ཞིག་ཚེ་ལས་འདས་ཚེ་བེམ་པོ་ས་ལ་སྦས་པ་དང་། ཆུ་ལ་བསྐུར་བ། མེ་ལ་བསྲེགས་པ།བྱ་ལ་བཏང་བ། ཆུང་སྲི་སྒམ་ལ་བཅུག་ནས་གནམ་ལ་འདོགས་པ། པྲ་རྒན་ཡང་ཚ་ཞེས་རྒན་རབས་ཀྱི་ཕུང་པོ་ཁྱིམ་དུ་འཇོག་པ་སོགས་བོད་ཡུལ་ལུང་པ་གཞན་དག་དང་འདྲ་བ་ཡོད་ཅིང་།དགེ་རྩ་སྒྲུབ་དུས་ཞག་གསུམ་གྱི་ཚེ་ཕ་ཚོ་འཛོམས་ནས་ཇ་ཚྭ་སོགས་ཚད་འཇལ་ཏེ་ཡོན་བདག་ལ་གནང་ནས་བླ་མ་དག་ལ་ཕུལ།ཚུན་ཆད་ནས་ཞག་ཞེ་དགུའི་བར་དུ་མཐུན་སྦྱོར་གནང་ཞིང་དགེ་བ་སྒྲུབ་པར་བྱེད། ས་ངན་ཕྱོགས་སུ་གཞན་དང་མི་འདྲ་བའི་སྲོལ་ཞིག་ཡོད་པ་ནི་བེམ་པོ་ལྗོན་ཤིང་སྟེང་བཞག་པ་དེ་ཡིན། དེའི་རྒྱུ་མཚན་ནི་དུར་འཇུག་རིག་གནས་ཞིབ་འཇུག་ཁྲོད་བོད་རིགས་ས་ཁུལ་ཡོངས་དང་འབྲེལ་བ་ཡོད་པ་ཤིན་ཏུ་ཉུང་། སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ནི་ཕ་རྒྱུད་ནས་འགོ་བཙུགས་ཏེ་འཁྲུག་རྩོད་སློང་བ་དང་རྩོད་རེས་རྒྱག་པས་ཕ་རྒྱུད་ལྡན་པའི་རིག་གནས་ཀྱི་གྲས་ཤིག་ཡིན།དེ་ཡང་ཕུང་པོ་ཅི་བྱུང་བ་དང་འདི་ལྟའི་རིག་གནས་མ་ལག་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།

 

དཔལ་ཡུལ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

དཔལ་ཡུལ་རྫོང་གྲོང་གི་ལམ་སྒྲོན་ནི་བུམ་པའི་གཟུགས་ཀྱི་ཀ་བ་ལོ་རིས་ཅན་གྱི་ཐོག་ལ་ཤྭ་བ་མཆུ་དཀར་རམ་ཤྭ་དམར་ཞེས་པའི་ཤྭ་བ་ཕོ་ཆེན་བཞིས་བཀྲ་ཤིས་པའི་རི་མོས་བརྒྱན་པའི་མ་ཎི་འཁོར་ལོའི་དབྱིབས་དང་མཚུངས་པའི་སྒྲོན་སྣོད་བཞི་འཁུར་བཞིན་ཡོད་པ་དང་། གཞུང་རྟའི་རྩེ་མོར་ནོར་བུ་མེ་འབར་གྱི་བཟོ་དབྱིབས་ལས་གྲུབ་པའི་སྒྲོན་སྣོད་དཀར་པོ་ཞིག་སྤྲད་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཁྱད་པར་དུ་དཔལ་ཡུལ་ནི་ཤྭ་བ་མཆུ་དཀར་གྱི་འབྱུང་ཡུལ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་བོ།

1502182594383414.jpg

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716