སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འདབ་པའི་མིང་གི་འབྱུང་ཁུངས།
སྤེལ་དུས། 2017-08-24   ཡོང་ཁུངས། ཁམས་པའི་བོད་ཡིག་དྲ་བ།   རྩོམ་པ་པོ།  

1502181409924316.jpg

འདབ་པའི་མིང་གི་འབྱུང་ཁུངས།

འདབ་པའི་མིང་ཐོགས་དོན་ལ་བཤད་སྲོལ་མི་འདྲ་བ་འགའ་འདུག་སྟེ། ལ་ལས་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་འདབས་ལ་ཆགས་ཡོད་པས་འདབ་པ་ཞེས་པའི་མིང་གི་འབྱུང་ཁུངས་ཡིན་ཞེས་ཟེར་བ་དང་། ལ་ལས་གནས་རི་གངས་འབར་རི་བོའི་འདབས་ལ་ཆགས་ཡོད་པས་འདབ་པ་ཞེས་པའི་མིང་འབྱུང་ཟེར།

 

ལ་ལས་ལུང་འདབས་ཀྱི་རོང་ཤུར་ཁ་ཡངས་ཤིང་རྒྱ་ཆེ་བས་འདབ་པ་ཞེས་པའི་མིང་འབྱུང་ཟེར། ཡང་ལ་ལས་སྤྱི་ལོ1907ལོར་ས་ཆ་དེར་ཆུ་འབྲས་ཚོད་འདེབས་བྱས་པར་འབྲས་བུ་སྨིན་པས་རྟེན་འབྲེལ་ཞུ་བར་རྒྱ་མིང་དུ་ཏའོ་ཁྲེན(稻成)ཞེས་འབོད་པ་དང་། 1939ལོར(改“成”为“城”,命名为稻城县)དེ་ལྟར་བསྒྱུར་རོ་ཞེས་བཤད་དོ། །

འདབ་པ་རྫོང་གི་གནས་ཚུལ་མདོར་བསྡུས།

 

འདབ་པ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དུ་ཡོད། ཁུལ་སྲིད་གཞུང་གནས་སའི་དར་རྩེ་མདོ་དང་རྒྱང་ཐག་སྤྱི་ལེ432ཡོད་པ་དང་ཞིང་ཆེན་གྱི་ལྟེ་གནས་ཁྲེང་ཏུའུ་གྲོང་ཁྱེར་བར་སྤྱི་ལེ790ཡོད་པ་རེད། རྫོང་རང་གི་མངའ་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ174དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ63ཡོད་པ་རེད། ཤར་ཕྱོགས་ན་བརྒྱད་ཟིལ་རྫོང་དང་། ནུབ་ཕྱོགས་ཕྱག་ཕྲེང་རྫོང་། བྱང་ཕྱོགས་ལི་ཐང་རྫོང་། ལྷོ་ཕྱོགས་མུ་ལི་བོད་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད་པ་རེད། མངའ་ཁོངས་སུ་མཚོ་འཕགས་མཐོ་ཤོས་ལ་སྨི6032དང་། དམའ་ཤོས་ལ་སྨི2000ཡོད་ཅིང་། དྲང་འཕྱང་མཐོ་དམན་སྨི4032ཀྱི་ཁྱད་ཡོད་པ་རེད། འདབ་པར་དབྱར་རྩྭ་དགུན་འབུ་དང་བེ་ཤ་གཙོ་བོར་བྱེད་པའི་རྩ་ཆེན་སྨན་རྒྱུ་དང་རི་སྐྱེས་ཤ་མོའི་རིགས་སོགས་རང་བྱུང་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།

1502181410792181.jpg

རྫོང་ཡོངས་སུ་ཤང11དང་གྲོང་རྡལ3  སྡེ་ཁུལ2དང་གྲོང་ཚོ124ཡོད་ཅིང་། མི་གྲངས་སུམ་ཁྲི་ལྷག་ཡོད་ལ། དེའི་ནང་བོད་རིགས་བརྒྱ་ཆ96ལ་ཟིན་པ་དང་། གཞན་རྒྱ་རིགས་དང་དབྱིས་རིགས། མིའོ་རིགས། ཧུད་རིགས། འཇང་རིགས་སོགས་མི་རིགས་མང་པོ་ཡོད་པ་རེད།

འདབ་པ་ནི་མཐོ་སྒང་གི་ཡུལ་སྐོར་རྫོང་གྲོང་ཞིག་ཡིན་ཞིང་། འདབ་པའི་ཉི་སྟེན་ཏེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྙན་གྲགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པས། ཤམ་བྷ་ལའི་བླ་སྲོག་དང་སའི་གོ་ལའི་ཆེས་མཇུག་མཐའི་དྭངས་གཙང་གི་གནས་མཆོག   ཆེས་མཐའ་མཇུག་གི་ཤམ་བྷ་ལ། ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་རི་བོ་གྲགས་ཅན་བཅུའི་ནང་གསེས། སི་ཁྲོན་གྱི་ཆེས་མཛེས་ཤོས་ཀྱི་ས་ཆ། ཀྲུང་གོའི་མི་རྣམས་ཀྱིས་ཆེས་ཡིད་སྨོན་བྱེད་པའི་ཡུལ་སྐོར་གནས་མཆོག་ཉི་ཤུ་ལས་གཏོགས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ།

 

འདབ་པ་ལ་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་བ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དར་ཞིང་རྒྱས་པས་རྫོང་ཡོངས་སུ་དགོན་སྡེ13ཡོད། ཡུལ་མིའི་སྡོད་ཁང་ལ་གནའ་ཉམས་ལྡན་ཞིང་བཟོ་བཀོད་མཛེས་ཤིང་ཡིད་དུ་འོང་བ་དང་། མཛེས་རྒྱན་དམིགས་བསལ་ཅན་དང་ཁྱད་ཆོས་འབུར་དུ་ཐོན་པས་བོད་ལུགས་སྡོད་ཁང་གི་སྙིང་ནོར་ལྟ་བུ་ཡིན།

ས་ཁུལ་དེའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱེད་ཆེད། 1997ལོའི་ཟླ12པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉི་སྟེན་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་ཆོག་མཆན་གནང་བ་དང་། 1998ལོའི་ཟླ11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདབ་པ་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད་བྱེད་པའི་ཆོག་མཆན་གནང་བ་རེད།

1502181410693255.jpg

འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ།

འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7323ཡོད་ཅིང་། A5ཅན་གྱི་མཛེས་ལྗོངས་རིམ་ཚད་ཡིན། དེ་ལས་མཛེས་ལྗོངས་གྲགས་ཆེ་བ་ནི་ཤར་ཕྱག་ན་རྡོ་རྗེའི་གནས་རི་དང་ལྷོ་འཇམ་དཔལ་དབྱངས་ཀྱི་གནས་རི། བྱང་སྤྱན་རས་གཟིགས་ཀྱི་གནས་རི་བཅས་རིགས་གསུམ་མགོན་པོའི་གནས་རི་ནི་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་གནས་སྐོར་བ་རྣམས་ཀྱིས་གངས་རིའི་བརྗིད་ཉམས་དང་རང་བྱུང་གི་མཛེས་སྡུག་ལ་རོལ་མྱོང་བྱེད་པའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། དད་ལྡན་སེར་སྐྱ་ཕོ་མོ་ཀུན་གྱིས་རྣམ་དཀར་ལས་ལ་རྩེ་གཅིག་ཏུ་གཞོལ་ཏེ་སྒོ་གསུམ་གྱི་སྒྲིབ་པ་བྱང་བར་མཛད་པའི་གནས་མཆོག་ཅིག་ཀྱང་ཡིན་པ་རེད།

 

ལོ་རྒྱུས་དེབ་ཐེར་ལས་གསལ་བ་ལྟར་ན་འདབ་པའི་གནས་རི་དེ་འཛམ་གླིང་གི་ནང་བསྟན་ཆོས་ལུགས་ཀྱི་གནས་རི24ཁྲོད་ཨང་རིམ11པར་བརྩི་བཞིན་ཡོད།

བྱང་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རིའི་མཐོ་ཚད་ལ་སྨི6032ཡོད་པ་དང་། ལྷོ་འཇམ་དཔལ་དབྱངས་ཀྱི་གནས་རིའི་མཐོ་ཚད་ལ་སྨི5958། ཤར་ཕྱག་ན་རྡོ་རྗེའི་གནས་རིའི་མཐོ་ཚད་ལ་སྨི5958བཅས་ཡོད་པ་རེད།

 

འདབ་པ་རྫོང་སྡེ་གསར་གྲོང་གི་ཤིང་ཕོར་རྐོ་བའི་ལག་རྩལ།

སྔོན་མར་འདབ་པ་ཡང་ས་གནས་གཞན་དག་དང་འདྲ་བར་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་ཆ་རྐྱེན་ཞན་སྟབས་མི་དྲག་དང་ཚོང་པའི་ཁྱིམ་ཚང་རེ་གཉིས་ཀྱིས་ཧ་ཡང་དང་དཀར་ཡོལ་གྱི་ཡོ་བྱད་བེད་སྤྱོད་ཐུབ་པ་ལས་དེ་མིན་རྣམས་ཀྱིས་ཤིང་དང་རྫ་ལས་བཟོས་པའི་སྣོད་ཆས་ཁོ་ན་སྤྱད་དགོས་པ་རེད། སྐབས་དེ་དུས་ཐོན་སྐྱེད་ལག་རྩལ་དམའ་བས་སྟ་རེ་དང་གྲི། འབིག་སོགས་ཀྱིས་བཅད་གཏུབ་གཞོག་འབིགས་བྱས་པའི་སྣོད་ཀྱི་བཟོ་དབྱིབས་མི་མཛེས་ལ་འཛིན་བཟུང་མི་བདེ་བས་མི་རྣམས་ཀྱིས་མིག་ལ་མཛེས་ཤིང་ལག་ལ་སྤྱོད་བདེ་བ་དང་། སྤྱོད་གོ་ཆོད་པའི་སྣོད་ཆས་དང་ཡོ་བྱད་ལ་རེ་སྨོན་བྱེད།

1502181411687325.jpg

སྐབས་དེར་སྡེ་གསར་གྲོང་པར་དོན་གྲུབ་ཅེས་པའི་རྣམ་རིག་བཀྲ་བའི་མི་ཞིག་ཡོད། ཁོང་གིས་དུས་རྒྱུན་དུ་འཚོ་བའི་སྣོད་ཆས་དང་ཡོ་བྱད་ལ་འཚོལ་རྟོག་དང་བསམ་གཞིག་བྱས། ཉིན་ཞིག་ཁོང་གིས་ཆུ་ཡིས་བསྐོར་ཏེ་རྩམ་པ་འཐག་པའི་ཆུ་འཁོར་ལ་བལྟས་ནས་བསམ་གཞིག་འདྲ་མིན་སྣ་ཚོགས་བྱས་མཐར་ཤིང་དུམ་བུ་ཞིག་ཆུ་འཁོར་གྱི་འཐག་རྡོ་ལ་བརྡར་རུ་བཅུག་པས་ཤིང་དུམ་གྱི་ཕྱི་ངོས་འཇམ་པོར་ཆགས། དེ་ནས་ཁོང་གིས་རྐང་པས་བརྫིས་ནས་བསྐོར་ཆོག་པའི་འཁོར་ལོ་ཞིག་བཟོས་ཏེ་ཤིང་གི་ཕྱི་ངོས་འཇམ་པོར་ཆགས་ཐབས་དང་ནང་ལ་སྟོང་ཆ་ཡོང་ཐབས་བཅས་ཀྱི་གནད་དོན་ཐག་བཅད་པས་དུས་དེ་ནས་བཟུང་མི་རྣམས་ལ་མཛེས་ཤིང་གོ་ཆོད་པའི་ཤིང་ཕོར་སྣོད་ཆས་འདྲ་མིན་སྣ་ཚོགས་ཐོན་ཏེ་འཚོ་བའི་ཆ་རྐྱེན་སྔོན་མ་ལས་ལྡབ་འགྱུར་གྱིས་ཕུན་སུམ་ཚོགས་པར་གྱུར།

1502181411189935.jpg

སྡེ་གསར་གྲོང་ནི་འདབ་པ་ནས་ཉི་སྟེན་བར་གྱི་སྤྱི་ལེ53གྱི་མཚམས་སུ་གནས་ཤིང་། སྡེ་གསར་གྲོང་གི་ཤིང་ཕོར་རྐོ་བའི་ལག་རྩལ་ལ་དུས་ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། ལག་རྩལ་འདི་ཐོག་མར་གསར་དུ་རྙེད་དུས་ཇ་ཕོར་ཙམ་ལས་བཟོས་མི་ཤེས་པ་ནས་ད་ལྟར་མ་དཔེ་ཡོད་ན་ཚང་མ་བཟོས་ཤེས་པའི་ཆུ་ཚད་གསར་པར་བསླེབས་ཡོད་དེ། མིག་སྔར་ཕྱི་ནང་ཀུན་ལ་ངོམ་ངོམ་བྱེད་ཆོག་པའི་ཇ་ཕོར་དང་ཆང་ཕོར། མར་སྒམ། རྩམ་སྒམ། བཀྲ་ཤིས་རྟགས་བརྒྱད། མེ་ཏོག་བུམ་པ། ལག་གདུབ། ཆོ་གའི་ཡོ་བྱད་སྣ་ཚོགས་དང་སྡེར་མ་སོགས་སྣ་ཁ་མང་པོས་ཡུལ་མི་རྣམས་ཀྱི་ཡོང་སྒོ་དབྱར་ཁའི་མཚོ་ལྟར་རྒྱས་དང་རྒྱས་མུས་སུ་མཆིས།

འདབ་པའི་སྦྱར་ལྕང་ནགས་ཚལ།

འདབ་པའི་སྦྱར་ལྕང་ནགས་ཚལ་གྱི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་འདབ་པ་རྫོང་གི་གྲོང་ཁུལ་ཉེ་འདབས་ཀྱི་འདབ་པའི་ཆུ་མིག་གྲམ་ཁ་ལ་གནས་ཤིང་། མཚོ་འཕགས་སྨི3600ཡོད་ལ། རྒྱ་ཁྱོན་མུའུ་ཁྲི་གཅིག་ལྷག་ཡོད་པ་དང་དེ་ནི་སི་ཁྲོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་སུ་རྒྱ་ཁྱོན་ཆེས་ཆེ་བའི་སྦྱར་ལྕང་ནགས་ཚལ་ཡིན།

1502181411698042.jpg

དྲོ་གྲང་གཉིས་ལྡན་གྱི་མཐོ་སྒང་དུ་སྦྱར་ལྕང་ནགས་ཚལ་རྒྱ་ཁྱོན་ཆེན་པོ་བཙུགས་ཡོད་པ་དེར། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ལ་དཔེ་མཚོན་གྱི་ཕན་ནུས་ཡོད་པ་ཡིན། རྒྱ་ཁྱོན་ཆེན་པོའི་མིས་བཟོས་སྦྱར་ལྕང་ནགས་ཚལ་ཆགས་པ་དེས། འདབ་པ་རྫོང་གི་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ལ་སྐུལ་སྤེལ་གྱི་ནུས་པ་འདོན་གྱིན་ཡོད།

1502181411662947.jpg

མཚོ་མང་སྒང་།

མཚོ་མང་སྒང་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་ལི་ཐང་རྫོང་དང་འདབ་པ་རྫོང་གི་བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3400ལྷག་ཡོད་པ་དང་། སྐྱེ་ཁམས་རྣམ་པའི་ཐད་གྲང་རྒྱུད་ཕལ་བའི་བཞའ་རློན་ཅན་གྱི་རི་མཐོ་འདྲེས་སྦྱོར་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཡིན། སའི་སྒྲིག་གཞི་སྟབས་བདེ་ཡིན་ལ། ས་རྒྱུད་གཅིག་མ་གཏོགས་མེད་པ་དང་ས་གནས་དེའི་རང་བྱུང་རིན་ཐང་གིས་ཡུལ་སྐོར་བྱེད་མཁན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

1502181411863374.jpg

མཚོ་མང་སྒང་གི་རང་བྱུང་རིན་ཐང་གིས་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོག་པའི་ནུས་པ་གཙོ་བོ་གཅིག་ནི་དུས་བཞི་པའི་འཁྱགས་ཀླུང་གི་བྱེད་ནུས་ལས་ཤུལ་བཞག་བྱས་པའི་འཛེང་རྡོའི་རྡོ་རིལ་ཆེན་པོ་རྒྱ་ཁྱོན་ཆེན་པོར་ཁྱབ་ནས། རྡོའི་མཚེའུ་དང་། རྡོའི་ཆུ་བོ་ཆགས་ཡོད། དེ་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་དཔེ་མཚོན་ལྡན་པའི་འཁྱགས་ཞྭ་ཡིན། གཉིས་ནི་ས་ཁུལ་ནང་དུ་མཚེའུ་ཆེ་ཆུང1145ཡོད་ཅིང་། རྒྱལ་ཡོངས་སུ་གྲངས་ཀ་ཆེས་མང་ཞིང་འདུས་ཚད་ཆེས་ཆེ་བའི་རི་མཐོའི་མཚེའུ་ས་ཁུལ་ཡིན།

 

དེ་མིན་ད་དུང་རི་བོང་རྣ་ཅོའི་རི་རྩེ་དང་། མཆོད་རྟེན་དབྱིབས་ཅན་གྱི་ལྕེ། རྣ་བ། བྱ་ཝང་དཀར་པོ་སོགས་ཡོད་ལ། འདྲ་མིན་རི་རྩེ་དང་མེ་ཏོག་ངོ་མཚར་ཅན། དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས། གནམ་དང་མི་གོང་བུ་གཅིག་གྱུར་གྱི་སྤང་ཕུ་དགོན་པ་བཅས་ཡོད།

 

1502181411774443.jpg

འདབ་པའི་ཨ་སྐྱིད་རྫ་མ།

འདབ་པ་རྫོང་ཨ་སྐྱིད་རྫ་མ་ནི་བོད་མིའི་སྲོལ་རྒྱུན་གྱི་ཁྱད་དུ་འཕགས་པའི་ལག་རྩལ་ཞིག་ཡིན་ལ་བསྲེག་བཟོ་བྱས་རྗེས་ཁ་དོག་ནག་པོར་གྱུར་བས་མིང་གཞན་དུ་བོད་མིའི་རྫ་ནག་ཀྱང་ཟེར། དེའི་ལོ་རྒྱུས་ནི་ལོ་ངོ་བདུན་སྟོང་སྔོན་གྱི་གནའ་བོའི་རྫ་ནག་བཟོ་སྲོལ་དང་གཏུག་ཆོག་ལ་བཟོ་རྒྱུན་ལག་རྩལ་དུས་དེ་ནས་ཡང་རྩེར་སོན་པ་ཞིག་རེད། རྫ་མ་དེ་བཟོ་སྐབས་ཨ་སྐྱིད་ས་ཆ་ཡི་དམིགས་གསལ་གྱི་འདམ་པ་ཡིས་རྒྱུ་ཆ་བྱས་ཏེ་དེ་མིན་གྱི་འདམ་པ་རིགས་གཉིས་དང་ལྷན་དུ་བསྲེས་རྗེས་དབྱུག་གུས་ག་ལེར་བརྡུངས་ནས་ཁོག་སྟོང་དུ་བཟོས། དེ་ནས་རིམ་བཞིན་དུ་གཡས་གཡོན་དང་མཐོ་དམའ་ལ་ལེགས་བཅོས་བྱས་ནས་རྫ་གཟུགས་ཆག་རྗེས་དཀར་ཡོལ་ཆགས་ཧྲུལ་གྱིས་འདྲ་རིས་སྣ་ཚོགས་བཀོད། དེ་ནས་མེ་ནང་ལ་བསྲེགས་བས་སེར་སྐྱའི་འདམ་པ་དེ་ནག་པོར་གྱུར།

 

ས་རྫ་ལས་བཟོས་བའི་རྫ་ཁོག་དང་རྫ་བུམ། རྫ་གཞོང་། རྫ་དམ་སོགས་ནི་བོད་མིའི་འཚོ་བའི་ནང་ལ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ལ་གནའ་དུས་སུ་ས་ཆ་གཞན་དག་ཏུ་འབྲུ་རིགས་དང་འཚོ་བའི་ཡོ་བྱད་རྣམས་དང་བརྗེ་ཚོང་བྱས་ལ་ད་ལྟ་ཚོང་རར་འགྲིམ་སྟེ་ཡུལ་སྐོར་ལྗོངས་རྒྱུའི་ཚོང་རྫས་དང་ཡུལ་མི་རྣམས་ཀྱི་འཚོ་བའི་རྒྱན་ཆ་རུ་ཆགས་ཡོད་དོ། །

 

སྤྱི་ལོ2008ལོར་ཨ་སྐྱིད་རྫ་མའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཚུད་རྗེས་རྫོང་དང་ཤང་། གྲོང་གསེབ་རྣམས་ཀྱིས་ནུས་པ་ཕྱོགས་གཅིག་ལ་བཏོན་ཏེ་ཨ་སྐྱིད་རྫ་མའི་ཚོགས་པ་བཙུགས་ཏེ་འགོ་ཁྲིད་དང་དོ་དམ།ལས་དོན། འགྲོ་སོང་བཅས་ཕྱོགས་གང་ཅིའི་ཐད་ནས་སྒྲིག་འཛུགས་ཡོད་ལ་སྒྲིག་ལམ་དམ་པའི་བྱ་གཞག་གཉེར་བས་ས་བརྐོ་རྒྱུ་དང་། འདམ་པ་སྦྱོར་རྒྱུ། རྡེག་རྡུང་བྱ་རྒྱུ། ཕྲ་རྒྱན་འགོད་རྒྱུ། མེ་ནང་བསྲེག་རྒྱུ་བཅས་རྫ་མ་བཟོ་བའི་གོ་རིམ་ལྔ་ཚུལ་དང་མཐུན་པར་ལག་ཏུ་བསྟར་ཐུབ་པས་སྲོལ་རྒྱུན་ལས་བཟོ་བཀོད་གསར་ལ་རྣམ་པ་མཛེས་པའི་རྫ་མ་གསར་པ་ཐོན་པར་ཕྱི་ནང་ཀུན་གྱིས་དགའ་བསུ་ཚད་མེད་བྱས་དང་བྱེད་བཞིན་ཡོད།

 

འདབ་པའི་རྩྭ་ཐང་དམར་པོ།

འདབ་པ་རྫོང་གྲོང་གི་བྱང་རྒྱུད་དུ་སྤྱི་ལེ28རྒྱང་བའི་སུམ་འདུས་གྲོང་རྡལ་གྱི་གཞུང་ལམ་འགྲམ་དུ་ཆུ་རྫིང་ཆུང་ཆུང་ཞིག་ཡོད། ལོ་རེའི་སྟོན་ཁར་ཆུ་རྫིང་དེར་ཆུ་རྩྭ་དམར་པོས་ཁེངས་ཤིང་། དམར་མདངས་རྒྱས་པའི་རྩྭ་ཐང་ཆུང་ཆུང་དེས་འགྲུལ་བཞུད་པ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག་པར་བྱས།

ཉི་སྟེན་གནམ་གྲུ་ཐང་།

འདབ་པ་ཉི་སྟེན་གནམ་གྲུ་ཐང་ནི་མཚོ་འཕགས་སྨི4411ཡོད་པའི་ས་ན་ཡོད་པས་འཛམ་གླིང་ཡོངས་ཀྱི་ས་བབ་ཆེས་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་གྲུ་ཐང་ཞིག་ཡིན། འཕུར་སྐྱོད་ཁུལ་གྱི་རིམ་པའི་དམིགས་ཚད་ནི4Cཡིན་ལ། རྒྱུག་ལམ་གྱི་རིང་ཚད་སྨི4200ཡོད་པ་དང་། མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཡོད་པ་རེད།

 

གནམ་གྲུ་ཐང་དེ2012ལོའི་ཟླ6པར་ལས་འགོ་ཚུགས་པ་དང་། 2012ལོའི་ཟླ11པའི23ཉིན་འཕུར་སྐྱོད་ཚོད་ལྟ་ལེགས་འགྲུབ་བྱུང། 2013ལོའི་ཟླ9པའི16ཉིན་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་རེད།གནམ་གྲུ་སྒུག་སའི་ཐོག་ཁང་དེ་ནི་སྡེར་དབྱིབས་གསུམ་རྩེག་ཅན་ཞིག་ཡིན་པ་དང་། མཚོ་འཕགས་སྨི4411ཡོད་པའི་མཐོ་སྒང་གི་ས་རུ་བབས་པའི་འཕུར་སྡེར་ཞིག་དང་མཚུངས།

རྣམ་རྒྱལ་མཆོད་རྟེན།

འདབ་པའི་རྣམ་རྒྱལ་མཆོད་རྟེན་ནི་ཁམས་ལྷོ་ས་ཁུལ་གྱི་མཆོད་རྟེན་དཀར་པོའི་སྤྱི་གླིང་ཞིག་ཡིན་ཞིང་། སྤྱི་ལོ2009 ལོར་བསྐྲུན་འགོ་བརྩམས་པ་རེད། མཆོད་རྟེན་སྤྱི་གླིང་གི་ཞབས་སྟེགས་གྲུ་བཞི་མའི་སྟེང་ནས་བང་རིམ་ལྔ་ཅན་གྱི་བཀོད་པ་མཛེས་ཤིང་། དཀྱིལ་དུ་མཐོ་ཚད་སྨི37ཡོད་པའི་རྣམ་རྒྱལ་མཆོད་རྟེན་ཞིག་དང་།མཐའ་འཁོར་དུ་སྟེང་ནས་འོག་བར་བང་རིམ་རེ་རེ་བཞིན་མཆོད་རྟེན་ཆུང་ཆུང15དང23   31དང39བཅས་བང་རིམ་བཞི་ལ་མཆོད་རྟེན་ཆུང་ཆུང་ཁྱོན་བསྡོམས108ཀྱིས་བསྐོར་ནས་ཡོད།

 

འདབ་པ་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

འདབ་པ་རྫོང་གྲོང་གི་ལམ་སྒྲོན་ནི་ཞབས་གྲུ་བཞིའི་ཀ་གདན་རི་མོ་ཅན་གྱི་ཐོག་ལ་གཞུང་རྟ་དམར་པོ་རིང་པོ་ཞིག་བཙུགས་པའི་སྟོད་ཕྱོགས་སུ་མེ་ཏོག་འདབ་བཞིའི་སྒྲོན་སྟེགས་ཉིས་བརྩེགས་ཅན་གྱི་སྟེང་ལ་རྫ་བུམ་གྱི་གཟུགས་སུ་གྲུབ་པའི་གློག་སྒྲོན་བརྒྱད་བཙུགས་ཡོད་པ་དང་། གཞུང་རྟའི་རྩེ་མོར་པད་མའི་མེ་ཏོག་འདབ་ལྡན་ཁ་འབུས་མ་ཞིག་གིས་བརྒྱན་ཡོད། དྭངས་གཙང་དྲི་བྲལ་གྱི་གནས་མཆོག་དང་ཨ་སྐྱིད་རྫ་བཟོའི་ལག་རྩལ་དར་ཡུལ་སོགས་ཡིན་པ་མཚོན་ཞིང་སྲོལ་རྒྱུན་རིག་གནས་དང་ས་གནས་རིག་གནས་ཀྱི་ཤན་ཞུགས་ཡོད་པ་རེད།

1502181412149813.jpg

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716