སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
པཎ་ཆེན་ལགས་ཀྱིས་བཀྲ་ཤིས་ལྷུན་པོ་དགོན་པའི་འདུ་ཁང་གཙོ་བོར་མཆོད་འབུལ་གནང་།
སྤེལ་དུས། 2017-08-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་ཚེ་རིང་གིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་༨པའི་ཚེས་༣ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ལགས་བོད་ལྗོངས་གཞིས་ཀ་རྩེར་འབྱོར་བའི་ཉིན་གསུམ་པར་བཀྲ་ཤིས་ལྷུན་པོའི་འདུ་ཁང་གཙོ་བོར་རབ་གནས་གནང་།

          དེ་དག་གི་ཁྲོད་དུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདུང་རྟེན་ཁང་དང་འཛམ་གླིང་སྟེང་གི་གསེར་སྐུ་ཆེ་ཤོས་བཞུགས་པའི་བྱམས་ཁང་སོགས་འདུས།

          པཎ་ཆེན་རིན་པོ་ཆེར་བསུ་མ་བྱེད་ཆེད་བཀྲ་ཤིས་ལྷུན་པོས་འདུ་ཁང་ཡོངས་ཀྱི་ཤམ་བུ་གསར་པ་བརྗེས་པ་དང་ཚོགས་ཆེན་འདུ་ཁང་གི་སྔོན་དུ་མེ་ཏོག་སྣ་ཚོགས་བཤམས་ནས་སྟ་གོན་བྱས། དེ་ཡང་བླ་སྤྲུལ་ཆེ་གྲས་ཁག་བསུ་བར་ཆེད་དུ་སྤྱོད་པའི་ཆོས་བུའང་དགོན་པའི་ཚོགས་ཆེན་འདུ་ཁང་གི་གསེར་ཕིབས་ཀྱི་གཞོགས་གཉིས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱེད།

          ཞོགས་པ་འདི་ལ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གཞིས་ཀ་རྩེ་རུ་གནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག  དད་ལྡན་མང་ཚོགས་དང་ཡུལ་སྐོར་བའི་ཚོགས་རྣམས་ཀྱིས་པཎ་ཆེན་ཕེབས་པར་ངང་སྒུག་བྱེད།

          པཎ་ཆེན་རིན་པོ་ཆེ་རྒྱ་གླིང་གི་སྙན་དབྱངས་ཁྲོད་ནས་སྐུ་ཕྲེང་ལྔ་པ་ནས་སྐུ་ཕྲེང་དགུ་པ་བར་གྱི་པཎ་ཆེན་གདུང་རྟེན་བཀྲ་ཤིས་རྣམ་རྒྱལ་ལྷ་ཁང་སླེབས་ཤིང་།  ཁོང་ཉིད་ནས་དབུ་ཞྭ་སེར་པོ་ཕུད་དེ་ཕྱག་གསུམ་འཚལ། དེ་ནས་རང་གི་ཡོངས་འཛིན་དང་རབ་བྱུང་བའི་ཚོགས་རྣམས་མཉམ་གཅིག་ཏུ་ཆོས་འདོན་སྨོན་ལམ་བཏབ།

          པཎ་ཆེན་གདུང་རྟེན་བཀྲ་ཤིས་རྣམ་རྒྱལ་ཁང་དུ་མཆོད་མཇལ་ཚར་རྗེས་ཁོང་ཉིད་པཎ་ཆེན་སྐུ་ཕྲེང་བཅུ་པའི་གདུང་རྟེན་སྲིད་གསུམ་རྣམ་རྒྱལ་ལྷ་ཁང་དུ་ཕེབས། ཆོས་འདོན་ཕྱག་གསུམ་འཚལ་རྗེས་གདུང་རྟེན་ནས་ཁ་བཏགས་ཕུལ།

དད་ལྡན་མང་ཚོགས་དང་ཡུལ་སྐོར་ལྗོངས་རྒྱུ་པ་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེས་འདུ་ཁང་ནང་དུ་མཆོད་འབུལ་བྱེད་བཞིན་པ་ཤེས་འཕྲལ་ཉིན་གུང་གི་ཚ་གདུག་ལ་མ་འཛེམ་པར་འདུ་ཁང་གི་སྒོ་ཁར་གྲལ་རིང་བསྒྲིགས་ཤིང་ལག་ཏུ་ཁ་བཏགས་བཟུང་ནས་ངང་སྒུག་བྱེད།

          པཎ་ཆེན་རིན་པོ་ཆེ་བྱམས་ཁང་ཆེན་མོའི་སྒོར་སླེབས་ཏེ་ཡུན་རིང་སྒུག་པའི་མི་ཚོགས་མཐོང་བས་བྱམས་བརྩེའི་འཛུམ་གྱིས་བསུས་ཏེ་དད་ལྡན་མང་ཚོགས་རྣམ་པར་རེ་རེ་བཞིན་ཕྱག་དབང་བསྐུར།

          དད་ལྡན་མང་ཚོགས་བཀྲ་དབང་ལགས་སེམས་འགུལ་ཐེབས་བཞིན་བཤད་རྒྱུར། “ལོ་རེའི་དབྱར་ཁར་ང་ཚོས་བཀྲ་ཤིས་ལྷུན་པོ་དགོན་པ་ནས་པཎ་ཆེན་རིན་པོ་ཆེ་ལ་མཇལ་ཐུབ་ཀྱི་ཡོད། ང་རང་ཐེངས་གསུམ་ལ་པཎ་ཆེན་རིན་པོ་ཆེས་ཕྱག་དབང་ཐོབ་མྱོང་བས་སེམས་པ་དངོས་ནས་དགའ། ང་ཚོའི་འཚོ་བ་ནི་ཉིན་རེ་ནས་ཉིན་རེ་བཞིན་སྐྱིད་ཅིང་ཕ་ཡུལ་ཕྱུག་མོ་ནི་ཇེ་ཡག་ནས་ཇེ་ཡག་ཏུ་འགྱུར་བཞིན་ཡོད། སྲིད་གཞུང་གིས་ཕྱོགས་གང་ཐད་ནས་མང་ཚོགས་ཀྱི་ཚབ་ཏུ་བསམ་བློ་བཏང་ཚར་བས་ཁྱིམ་ནང་དུ་དཀའ་ངལ་ཅི་ཡང་མེད། ཁོམ་ལོང་ཅུང་ཟད་བྱུང་ཚེ་ཕྱི་རུ་འོངས་ནས་མ་ཎི་རེ་གཉིས་བསྐོར།  བདག་གིས་དག་ཞིང་ཅི་ལྟ་བུ་ཡིན་པ་མི་ཚོར་ཡང་ད་ལྟའི་བདག་གི་འཚོ་བ་ནི་དག་ཞིང་དང་གཉིས་སུ་མེད་པ་ཞིག་ཡིན་ངེས་སྙམ།

          པཎ་ཆེན་རིན་པོ་ཆེ་ད་དུང་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་དང་། རྒྱ་ནག་ལྷ་ཁང་། བྱམས་ཁང་ཆེན་པོ་སོགས་སུ་ཕེབས་ནས་གྲྭ་པ་ཚོ་དང་མཉམ་དུ་སྨོན་ལམ་གསུངས། ལྷ་ཁང་རེ་རེར་སླེབས་སྐབས་ཁོང་ཚོས་གཡང་འབོད་གནང་ཞིང་ནས་འབྲུ་གཏོར་ནས་མི་ལ་ན་ཚ་མེད་པ་དང་།  ཕྱུགས་ལ་གོད་ཁ་མེད་པ། ལོ་ལེགས་རྟག་ཏུ་འབྱུང་བ། རྒྱལ་བདེ་དམངས་སྐྱིད་ཡོང་བའི་སྨོན་ལམ་བཏབ།

          བཀྲ་ཤིས་ལྷུན་པོ་ནི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཡིན་ཞིང་གཙང་ཕྱོགས་ཀྱི་དགེ་ལུགས་པའི་ཆོས་སྡེ་ཆེ་ཤོས་ཀྱང་ཡིན། པར་རིས་འདི་ནི་པཎ་ཆེན་རིན་པོ་ཆེས་མང་ཚོགས་ལ་ཕྱག་དབང་བསྐུར་བའི་རྣམ་པ་ཡིན།
པར་རིས་འདི་ནི་པཎ་ཆེན་ལགས་ཀྱི་ཕྱག་དབང་ཐོབ་པའི་རྨོ་ལགས་ཀྱིས་རྡོ་རྗེ་མདུད་པ་ལེན་པའི་ཚུལ་ཡིན།
པར་རིས་འདི་ནི་པཎ་ཆེན་མཐོང་བས་དགའ་བའི་མཆི་མ་འབྱིན་པའི་བཙུན་མ་ཞིག་ཡིན།
པཎ་ཆེན་ལགས་བཀྲ་ཤིས་ལྷུན་པོར་བཞུགས་པའི་རྣམ་པ།
པཎ་ཆེན་ལགས་ཀྱིས་བཀྲ་ཤིས་ལྷུན་པོའི་འདུ་ཁང་གཙོ་བོར་རབ་གནས་བྱེད་བཞིན་པའི་རྣམ་པ།
པཎ་ཆེན་ལགས་བཀྲ་ཤིས་ལྷུན་པོར་བཞུགས་པའི་རྣམ་པ།
པཎ་ཆེན་ལགས་བཀྲ་ཤིས་ལྷུན་པོར་བཞུགས་པའི་རྣམ་པ།
པཎ་ཆེན་ལགས་ཀྱིས་བཀྲ་ཤིས་ལྷུན་པོའི་འདུ་ཁང་གཙོ་བོར་རབ་གནས་བྱེད་བཞིན་པའི་རྣམ་པ།
པཎ་ཆེན་ལགས་ཀྱིས་བཀྲ་ཤིས་ལྷུན་པོའི་འདུ་ཁང་གཙོ་བོར་རབ་གནས་བྱེད་བཞིན་པའི་རྣམ་པ།
གྲྭ་པས་བདུག་སྤོས་སྒྲོན་བཞིན་པའི་རྣམ་པ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716