སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ད་ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ནི་རྣམ་པ་གསར་བ་ཡིན།
སྤེལ་དུས། 2017-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཚེ་རིང་གིས་བསྒྱུར།
          བོད་ཀྱི་ཡི་གེའི་རྣམ་བཞག་ལྟར་ན།  ཞོ་ནི་དཀར་གསུམ་གྱི་ཡ་གྱལ་ཏེ་ཞོ་ཞེས་པ་ཡིན་པ་དང་།  སྟོན་ནི་དུས་ཆེན་ཏེ་སྟོན་མོའམ་དུས་ཆེན་གྱི་དོན་ཡིན། མདོར་ན་ཞོ་སྟོན་དུས་ཆེན་ཞེས་པའི་བསྟན་དོན་ནི་བོད་ཀྱི་ཟས་རིགས་གཙོ་བོ་ཞོ་འཐུང་བའི་དུས་ཆེན་ལ་གོ་བ་ཡིན།  རིམ་བཞིན་ལྷ་སའི་མི་རྣམས་ཀྱིས་བོད་ལུགས་ཀྱི་ཟླ་བདུན་པའི་ཚེས་གཅིག་ནི་ཞོ་སྟོན་དུས་ཆེན་གྱི་བཀྲ་ཤིས་པའི་ཉིན་མོར་བགྲངས་ལ། འདི་ནི་བོད་ལྗོངས་ཀྱི་དུས་ཆེན་ཁྲོད་ཆེས་གཟབ་རྒྱས་དང་གཞི་རྒྱ་ཆེ་བ།  བརྗོད་དོན་ཕུན་སུམ་ཚོགས་པའི་དུས་ཆེན་ཞིག་ཀྱང་ཡིན།  ད་ལོའི་ཞོ་སྟོན་དུས་ཆེན་ལ་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་གང་དག་ཡོད་པ་དང་།  བྱ་འགུལ་གསར་བ་གང་དག་ཡོད་པ་སོགས་ལ་ང་ཚོས་ནམ་རྒྱུན་རེ་སྒུག་བྱེད་ཀྱིན་ཡོད།
ཚོགས་འདུའི་ཡུལ་དངོས།
ཀྲུའུ་ཅན་ཧོང་གིས་གཏམ་བཤད་བྱེད་བཞིན་པ། 
          ཚེས༡༠ཉིན། ༢༠༡༧ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྒྲོག་ཁང་ཆེན་ནས་སྤེལ་བ་དང་།  ཁྱབ་སྒྲོག་ཚོགས་འདུར་ཞུགས་པའི་མི་སྣ་ནི་ལྷ་ས་གྲོང་ཁྱེར་གྱི་འགན་གཙོ་གཞོན་པ་ཀྲུའུ་ཅན་ཧོང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཡང་ཉན་ཧྭ་ཡིན་པ་དང་།  ལྷ་ས་གྲོང་ཁྱེར་གྱི་འགན་གཙོ་གཞོན་པ་ཀྲུའུ་ཅན་ཧོང་གིས་༢༠༡༧ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གྲ་སྒྲིག་བྱ་བའི་བརྒྱུད་རིམ་ཧྲིལ་བོ་གསལ་བཤད་བྱས། 
          རྒྱུས་ལོན་བྱས་པ་ལྟར་ན། ༢༠༡༧ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་ནི་ཟླ༨པའི་ཚེས༢༡ནས་ཟླ༨ཚེས༢༧བར་ལྷ་ས་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་པ་དང་།  ཚོགས་མགོ་ཟླ༨པའི་ཚེས༢༡ཉིན་གྱི་དགུང་མོར་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ་དང་། ད་ལོའི་ཞོ་སྟོན་དུས་ཆེན་ལ་བྱ་འགུལ་ཆེན་མོ་བརྒྱད་ཡོད་པ་རེད།
འབྲས་སྤུངས་དགོན་པའི་གོས་སྐུ།
ཞོ་སྟོན་དུས་ཆེན་གྱི་བོད་ཀྱི་ཟློས་གར།  
          སྲོལ་རྒྱུན་གྱི་བྱ་འགུལ།  
          ༡ གོས་སྐུ་ལ་ལྟ་བ། ཟླ༨པའི་ཚེས༢༡ཉིན་གྱི་སྔ་དྲོར་ཞོ་སྟོན་དུས་ཆེན་གྱི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པ་ནས་གོས་སྐུ་བཤམས་རྒྱུ་ཡིན་པ་དང་།  བདག་ཅག་གི་སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་བོ་མཆོག་གི་ཐང་ག་བྱིན་རླབས་ཅན་དེ་བཤམས་རྗེས།  དད་ལྡན་གྱི་མང་ཚོགས་ཀྱིས་རྟེན་མཇལ་བྱས་ཏེ་རྒྱལ་དར་དམངས་བདེ་དང་འབྲུ་ལྔ་ལོ་ལེགས་འབྱུང་བའི་བཀྲ་ཤིས་སྨོན་ལམ་ཞུས་ཆོག
          ༢ ཟློས་གར་ལ་ལྟ་བ།  ཟླ༨པའི་ཚེས༢༡ནས་ཚེས༢༧བར་ལྷ་སའི་ནོར་བུ་གླིང་ག་དང་ཀླུ་ཁང་སྤྱི་གླིང་ནས་སྐབས་དྲུག་པའི་བོད་ཀྱི་ཟློས་གར་ཡུལ་དངོས་ནས་འཁྲབ་སྟོན་བྱེད་རྒྱུ་རེད།  ཞོ་སྟོན་དུས་ཆེན་ལ་སྲོལ་རྒྱུན་གྱི་དུས་རབས༡༧ཀྱི་དུས་མཇུག་ཏུ་བྱུང་བའི་ཟློས་གར་ལ་ལྟ་བ་།  འགྱུར་ཁུག་སྙན་པོའི་གླུ་སྒྲ་དང་ཁྱད་མཚར་གྱི་ངོ་འབག  གནའ་རབས་ཀྱི་འཆམ་ལྭ།  ཡིད་དབང་འཕྲོག་པའི་གར་གྱི་སྟངས་སྟབས་སོགས་ཀྱི་ལམ་ནས་བཞེངས་པའི་སྒྱུ་རྩལ་གྱི་ཤུལ་དངོས་འདི་ནི་ལོ༦༠༠ལྷག་གི་ལོ་རྒྱུས་བརྒྱུད་པར་མ་ཟད། བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བྱུང་བའི་ཟློས་གར་རིག་གནས་ཀྱི་འཁྲབ་སྟོན་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བ།  སྒྱུ་རྩལ་གྱི་ཟིལ་ཤུགས་མི་འདྲ་བའི་གར་སྟབས་དང་གླུ་སྐད། ཉམས་འགྱུར་འབུམ་གྱིས་ཕྱུག་པའི་རིག་གནས་ཀྱི་ཤུལ་དངོས་སྲུང་སྐྱོབ་དང་འཁྲབ་སྟོན་བྱེད་རྒྱུ་རེད།
ཞོ་སྟོན་དུས་ཆེན་ལ་རྟ་རྩལ་མངོན་བཞིན་མེ་མདའ་འཕེན་པ།
ཀྲུང་གོའི་ནུབ་ལྷོའི་ཞིང་ཆེན་དྲུག་ལྗོངས་དང་གྲོང་ཁྱེར་ནས་ཡོང་བའི་པར་རིས་འགྲེམས་སྤེལ།
མཛེས་སྡུག་གི་ལྷ་མོ་གནམ་མཚོ། 
          སྣ་བརྒྱའི་བྱ་འགུལ། 
          ༡ རྟ་རྒྱུགས་ལ་ལྟ་བ།  མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་རྟ་རྒྱུགས་ནི་ཞོ་སྟོན་དུས་ཆེན་གྱི་བྱ་འགུལ་གཙོ་བོ་ཞིག་ཡིན་ལ། ལོ་འགར་རྟ་རྒྱུགས་ཀྱི་འགྲན་བསྡུར་མཚམས་བཞག་པ་རེད།  ད་ལོར་རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་འཛོམས་པའི་རྟ་རྒྱུགས་འགྲན་བསྡུར་ལ་ལྟ་ཐུབ་ཀྱིན་རེད།  ཟླ༨པའི་ཚེས ༢༣སྔ་དྲོར་ལྷ་ས་གྲོང་ཁྱེར་གྱི་རྟ་རྒྱུགས་འགྲན་ར་ནས་བྱ་འགུལ་འདི་སྤེལ་རྒྱུ་ཡིན་པ་དང་། འཁྲབ་སྟོན་ལ་རྟ་ཐོག་གི་བྲོ་གར། རྟ་ཐོག་གི་མདའ་རྩལ།  རྟ་ཐོག་གི་ཁ་བཏགས།  རྟ་གཉིས་མི་གཉིས། རྟ་གཅིག་མི་གཉིས་སོགས་ཀྱི་རྟ་རྒྱུགས་ཀྱི་ལུས་རྩལ་བྱ་འགུལ་སྤེལ་རྒྱུ་རེད། 
          ༢ པར་རིས་འགྲེམས་སྟོན། པར་རིས་འགྲེམས་སྟོན་ནི་ད་ལོའི་ཞོ་སྟོན་དུས་ཆེན་ལ་བྱ་དགའ་ཡོད་པའི་རྣམ་གྲངས་ཤིག་ཡིན་ལ། པར་རིས་འགྲེམས་སྟོན་ནི་ཟླ༧པའི་ཚེས༢༦ནས་ཟླ༨པའི་ཚེས༢༦བར་བོད་ལྗོངས་གཡག་དངོས་མང་བཤམས་སྟོན་ཁང་ནས་སྤེལ་རྒྱུ་ཡིན་པ་དང་། ཐེངས་འདིའི་པར་རིས་མཉམ་འབྲེལ་འགྲེམས་སྟོན་ལ་“མཛེས་སྡུག་གི་ཁྱིམ་གཞི་དང་དུས་རབས་ཀྱི་རྣམ་པ་”བརྗོད་གཞི་བྱས་པའི་སི་ཁྲོན་དང་ཡུན་ནན། ཀོས་ཀྲིག ཀོང་ཞི། ཁྲུང་ཆིན། བོད་ལྗོངས་སོགས་ཞིང་ཆེན་དྲུག་ལྗོངས་དང་གྲོང་ཁྱེར་གྱི་པར་རིས་སྒྱུ་རྩལ་བ་དག་གི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས།  མི་དམངས་ཀྱི་འཚོ་བའི་སྒྱུ་རྩལ་བརྩམས་ཆོས་མང་བོ་ཡོད་པ་རེད།
          ༣ སྐབས་བཅུ་གཅིག་པའི་ལྷ་མོ་གནམ་མཚོར་རྐང་ཐང་དུ་བགྲོད་པའི་ཚོགས་འདུ།  ཐེངས་འདིར་ཁོར་སྲུང་རྐང་ཐང་ལ་འགྲོ་བའི་ཁྱད་ཆོས་སྲུང་འཛིན་བྱས་ནས་ཟླ༨པའི་ཚེས༢༠ནས༢༥བར་འདམ་གཞུང་རྫོང་གི་ལྷ་མོ་གནམ་མཚོའི་འགྲམ་ནས་སྤེལ་རྒྱུ་ཡིན་པ་དང་།  རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་རིག་གནས་མི་སྣ་དང་རྐང་ཐང་ལ་དགའ་མཁན། ལྗོངས་རྒྱུ་ལ་སྤྲོ་སྣང་ཡོད་པའི་མི་ཁྱོན་བསྡོམས༨༠ལྷག་ཞུགས་རྒྱུ་ཡིན་པ་དང་།  བྱ་འགུལ་ལ་འོས་མཚམས་ཀྱི་རྐང་ཐང་ལ་འགྲོ་མཁན་དང་མཚོ་འགྲམ་གྱི་སྤྱི་ལེ༡༠ལ་རྐང་ཐང་ལ་འགྲོ་བའི་མཛའ་བརྩེ་འགྲན་བསྡུར་གྱི་རིམ་པ་གཉིས་སུ་དབྱེ་སྟེ་སྤེལ་རྒྱུ་རེད།  
          ༤ ཞོ་སྟོན་གྱི་ལོ་དང་ཞོ་དང་འོ་མ། ཝུ་ཆང་། རོལ་དབྱངས་ཀྱི་དགའ་སྟོན།  ཟླ༨པའི་ཚེས༢༢ནས་ཚེས༢༨བར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་ཡིན་པ་དང་།  བོད་ལྗོངས་ཕྱི་ནང་གི་མི་རིགས་རོལ་ཆས་རུ་ཁག་དང་མི་རིགས་ཀྱི་བྲོ་གར་རུ་ཁག ཟློས་གར་རུ་ཁག་སོགས་ཀྱི་ངོ་མཚར་བའི་འཁྲབ་སྟོན་དང་འབྲེལ་ནས་ཞོ་འཐུང་བ་དང་ཝུ་ཆང་འཐུང་བ།  ཨ་མའི་ཐབ་ཚང་སོགས་ཟས་རིགས་འགྲན་བསྡུར་དང་བོད་ཀྱི་གྱོན་ཆས་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་ལ། ཞོ་སྟོན་དུས་ཆེན་རིག་གནས་ཀྱི་བརྗོད་དོན་ཟབ་ཅིང་མི་དམངས་ཀྱི་དགའ་བསུ་ཐོབ་པའི་ཕྱོགས་ལ་གོམ་པ་སྤོ་རྒྱུ་རེད། 
          ཐེངས་འདིའི་ཞོ་སྟོན་དུས་ཆེན་ལ་ཚོང་དོན་བྱ་འགུལ་གྱི་ཐད་ལ་དོ་སྣང་ཆེན་པོ་བྱས་པ་དང་། གྲོང་ཁྱེར་ལྷ་སའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་དང་རྣམ་པ་གསར་བ།  ལྷ་ས་ནི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་གྲོང་ཁྱེར་གྱི་ཁྱད་ཆོས་འཛོམས་ཤིང་རྣམ་པ་གསར་བ་ཅན་དུ་གཏོང་རྒྱུ་ཡིན་པ་རེད། 
ཞོ་སྟོན་དུས་ཆེན་གྱི་ཚོང་རྫས་ལས་གཞིའི་སྐུལ་འདེད་ཚོགས་འདུ་དང་ལས་གཞི་ཐུན་མོང་གི་མིང་རྟགས་འགོད་པའི་མཛད་སྒོ། ཟླ༨པའི་ཚེས༢༡གྱི་སྔ་དྲོར་གནས་མཆོག་ལྷ་ཡུལ་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོ་ནས་སྤེལ་རྒྱུ་ཡིན་པ་དང་།  ཞོ་སྟོན་དུས་ཆེན་བརྒྱུད་དེ་ལྷ་སའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་དང་ཐོན་ལས།  ཐོན་རྫས་སོགས་ཁྱབ་སྒྲོག་དང་དར་སྤེལ་བྱས་ཏེ།  ལྷ་སའི་དག་གཙང་གི་ཞིང་ཁམས་དང་རིག་གནས་ལྗོངས་རྒྱུ་སོགས་ལྟེ་གནས་རང་བཞིན་གྱི་ཐོན་ལས་ཚོང་རྫས་ཀྱི་ལས་གཞི་སྤེལ་ནས་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་རེད། 
          ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོང་རྫས་ཉོ་བཙོང་ཚོགས་འདུ།  ཟླ༨པའི་ཚེས༢༠ནས༢༧ཉིན་བར་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ནས་སྤེལ་རྒྱུ་ཡིན་པ་དང་ཞོ་སྟོན་དུས་ཆེན་ལ་རླངས་འཁོར་འགྲེམས་སྟོན། སྡོད་ཁང་འགྲེམས་སྟོན། ཟས་རིགས་འགྲེམས་སྟོན། ཚོང་རྫས་འགྲེམས་སྟོན་ཚོགས་འདུ་སོགས་ཀྱང་དེ་མཚུངས་སུ་སྤེལ་རྒྱུ་ཡིན་པ་རེད།  
“སྐུད་ལམ་གྱི་ཞོ་སྟོན”ཞེས་པའི་གསར་འགྱུར་ཁྱབ་སྒྲོག་བྱ་འགུལ།  གསར་འགྱུར་བརྒྱུད་ལམ་ལ་བརྟེན་ནས་ཞོ་སྟོན་དུས་ཆེན་ལ་ཐོབ་པའི་བྱ་དགའི་དྲི་བ་དྲིས་ལན།  བྱ་དགའ་སྟེར་བ་སོགས་ཁྱབ་སྒྲོག་བྱ་བ་སྤེལ་བ་དང་། “ཞོ་སྟོན་གྱི་བག་ཆགས་”ཞེས་པའི་བརྗོད་བྱའི་རྩོམ་ཡིག་དང་པར་རིས་ཀྱི་མུ་འབྲེལ་བརྩམས་ཆོས་བསྡུ་བའི་བྱ་འགུལ་སྤེལ་ནས་ཞོ་སྟོན་དུས་ཆེན་གྱི་ཤུགས་རྐྱེན་དང་མིང་གྲགས་གོམ་གང་མདུན་སྤོས་ཀྱིས་དར་སྤེལ་དུ་གཏོང་རྒྱུ་ཡིན་པ་རེད།  མིག་སྔར༢༠༡༧ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་བྱ་བ་སྣ་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་ལ།  གཙོ་འགན་སྒྲུབ་མཁན་གྱིས་ཚང་མར་དགའ་བསུ་དང་ད་ལོའི་ཞོ་སྟོན་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་ལ་རོ་མྱོང་ཐེངས་གཅིག་བྱེད་པར་སྨོན་འདུན་ཞུ་བཞིན་འདུག
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716