སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱི་ཞིང་འབྲོག་པའི་པར་ལེན་འགྲེམས་སྟོན།
སྤེལ་དུས། 2017-09-30   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་པ་པོ།  གཡུ་སྒྲོན་གྱིས་བསྒྱུར།

འདི་ནི་བོད་ལྗོངས་འཕྱོངས་རྒྱས་རྫོང་གི་ཞིང་པ་སྐལ་བཟང་གིས་འགྲེམས་སྟོན་བྱ་ཡུལ་དུ་པར་རྒྱག་བཞིན་པ།
          ཚེས་28ཉིན་གྱི་ཕྱི་དྲོར། 2017ལོའི་བོད་ལྗོངས་འཕྱོངས་རྒྱས་ཀྱི་སྤུ་རྒྱལ་གྱི་གནའ་བོའི་རྒྱལ་སའི་པར་ལེན་འགྲེམས་སྟོན་ཆེ་མོ་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་བཤད་སྒྲ་སྒོ་རའི་ནང་འགོ་ཚུགས་པ་རེད། ཐེངས་འདིའི་འགྲེམས་སྟོན་དུ“མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་སུ་སྐྱོད་ནས་ཟླ་བ་སྒྲོལ་མ་འཚོལ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་འཕྱོངས་རྒྱས་རྫོང་གི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཛུགས་སྐྲུན་གསར་པ་དང་། གྲུབ་འབྲས་གསར་པ། འགྱུར་ལྡོག་གསར་པ་བཅས་དང་། འཕྱོངས་རྒྱས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གསར་པ་ལེགས་པར་མཚོན་པ་རེད།
          ཐེངས་འདིའི་བྱེད་སྒོའི་ནང་ལྗོངས་ཕྱི་ནང་གི་པར་རྒྱག་མཁས་ཅན་དང་པར་རྒྱག་རྒྱུར་དགའ་པོ་ཡོད་མཁན་ཚོའི་དོ་ཁུར་ཆེན་པོ་ཐོབ་པ་དང་། ཕུལ་བྱུང་གི་པར་ལེན་བརྩམས་ཆོས་ཁྱོན་2000ལྷག་ཙམ་བསྡུས་པ་རེད། བྱེད་སྒོར་བོད་ཀྱི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ནས་ཁྲེ་ཀང་དང་། ཀྲང་དབྱིང་། སྐལ་བཟང་ཚེ་རིང་སོགས་བོད་ཀྱི་པར་རྒྱག་མཁས་ཅན་ཚོའི་ཡིད་དབང་བཀུག་ཅིང་། པར་རྒྱག་མཁས་ཅན་ཚོས་ཁོང་ཚོའི་པར་ཆས་ལ་བརྟེན་ནས་འཕྱོངས་རྒྱས་ལུང་པའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་། སྤྱི་ཚོགས་དང་རིག་གནས་ལོ་རྒྱུས། བཟོ་སྐྲུན་གྱི་བཀོད་པ། ཡུལ་སྲོལ་གོམས་གཤིས་བཅས་དང་དེ་བཞིན་ཡུལ་མི་ཚོའི་དགའ་མགུའི་འཛུམ་མདངས་དང་སྐྱོ་གདུང་གི་མིག་ཆུ་སོགས་ཀྱང་པར་བླངས་ཡོད་ལ། དཔྱད་འདེམས་ཨུ་ཡོན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་མཐར་འགྲན་ཞུགས་ཀྱི་པར་རྒྱག་མཁས་ཅན་30ལྷག་ཙམ་ལ་རིགས་ཁག་གི་བྱ་དགའ་ཐོབ་པ་རེད།
          གཞན་ཡང་ཐེངས་འདིའི་བྱེད་སྒོའི་ཐོག་ད་དུང་ཞིང་འབྲོག་མང་ཚོགས་ཀྱི་པར་རྒྱག་ལེ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་པར་རྒྱག་མཁས་ཅན་13དང་འཕྱོངས་རྒྱས་ཀྱི་ས་ཆ་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མིས“ལག་གདང་སྦྲེལ་ནས”གྲོགས་པོ་བསྒྲིགས་ཏེ་ཞིང་འབྲོག་པ་ཚོར་པར་རྒྱག་སྟངས་ཀྱི་སློབ་ཚན་འཁྲིད་པ་རེད། འཕྱོངས་རྒྱས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བསམ་ཕྱོགས་ལྟར་འཕྱོངས་རྒྱས་ལ་ལྟ་བ་དང་དེང་དུས་ཀྱི་འཚོ་བ་གསར་པ་གཞིར་བྱས་ཏེ་ལས་བྱེད་མང་ཚོགས་ཀྱིས་པར་ཆས་ལ་བརྟེན་ནས་ཉེ་འགྲམ་གྱི་མིའི་བདེན་ལེགས་མཛེས་གསུམ་པར་ལེན་པ་དང་། པར་ཆས་ལ་བརྟེན་ནས་དེང་དུས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཟིན་ཐོར་བཀོད་དེ་དྲིན་ཚོར་ཡར་ཐོན་གྱི་བསམ་པའི་ཐོག་ནས་དེ་བས་མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་བསུ་ཐུབ་པ་བྱས་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716