སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་འོད་སྣང་རྣམ་པར་འཕྲོས་འདུག
སྤེལ་དུས། 2017-10-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་འདིར། བོད་ལྗོངས་ཀྱི་གྲོང་སྡེར་ཡང་འགྱུར་ལྡོག་ཆེན་པོ་བྱུང་མུས་ཡིན་ཏེ། མཐའ་ཁུལ་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་བྱ་ཁྱུང་གྲོང་ཚོར་ཀྲུང་གོའི་མི་འབོར་ཆེས་ཉུང་བའི་རིགས་རྒྱུད་ཏིང་པ་བ་1300འཚོ་སྡོད་བྱས་ཡོད། ལོ་འགའི་རིང་རི་གྲོང་འདིའི་དཔལ་འབྱོར་དང་བསམ་བློ་ཆུ་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་བཞིན་པའི་སྒང་རེད། 
          གསར་འགོད་པའི་གཞི་རིམ་ནས་བཅར་འདྲི་བགྱིས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག རྫ་ཡུལ་བྱ་ཁྱུང་གྲོང་ཚོའི་མང་ཚོགས་རྣམས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་7000ལ་སླེབས་ཤིང་། འབྱོར་བ་རྒྱས་པའི་དུད་ཁྱིམ་དུ་ལོ་རེའི་ཡོང་འབབ་སྒོར་ཁྲི་20ལྷག་ལ་སླེབས་ཡོད། དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ནི་དབྱར་རྩ་བརྐོ་བ་དང་། སྨན་རྩྭ་འཐུ་བ། བྱ་དེ་གསོ་བ། ཕྱུགས་ཟོག་སྐྱོང་བ་སོགས་ཡིན།
ཨ་ལུ་སུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
          གྲོང་གསེབ་ཀྱི་གཞི་རིམ་དམངས་ཆེན་འཐུས་མི་ཨ་ལུ་སུང་གིས་ཕྱི་མི་འཕྲད་ཐེངས་རེར་དགའ་སྤྲོ་དཔག་མེད་སྐྱེ་བཞིན་མཚམས་སྦྱོར་གནང་དོན། “དེང་སྐབས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་གྲོང་ཚོའི་ཁྱིམ་ཚང་རེ་རེ་བཞིན་ཕན་བདེ་མང་པོ་བསྐྲུན་ཡོད་དེ། མཐའ་མཚམས་རོགས་དངུལ་སྤྲོད་པ་ལས་གཞན་ད་དུང་སྐྱེ་ཁམས་རོགས་དངུལ་ཡང་སྤྲོད་བཞིན་ཡོད། ཐ་ན་ཁྱིམ་ཚང་ནས་ཕག་ཙམ་གསོ་བ་ལའང་རྒྱལ་ཁབ་ཀྱི་རོགས་དངུལ་སྤྲོད་ཀྱི་ཡོད་ལ། འབྲུ་རིགས་རང་ཉིད་ཀྱི་ཉོ་སྒྲུབ་བྱེད་པ་ལའང་རྒྱལ་ཁབ་ཀྱིས་འབྲུ་རིགས་ཀྱི་ཐོན་འབབ་ལྟར་རོགས་དངུལ་སྤྲོད་ཀྱི་ཡོད། གྲོང་ཚོའི་ཐོན་ལས་ཀྱི་སྲོག་ཤིང་ནི་སྨན་རྩྭ་སྒྲུག་པ་སྟེ། འདི་ལ་དབྱར་རྩྭ་དགུན་འབུ་དང་། སྡོང་ཕུང་། ལོ་མ་བདུན་ཅན་དྭ་བ། མྱང་རྩི་སྤྲས། པེ་མོ་ཙི་སོགས་ཡོད། དེ་ཡང་ཐོན་ལས་འཕེལ་རྒྱས་ལེགས་སྒྲིག་བྱས་པ་བརྒྱུད། ས་འདི་གའི་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་འོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་འགྲོ་བར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་གཉེར་བཞིན་ཡོད། གྲོང་ཚོའི་མ་འོངས་པའི་འཆར་གཞི་ནི་གཞི་རྒྱ་ཆེན་པོའི་སྒོ་ནས་བོད་ཇ་འདེབས་འཛུགས་བྱེད་རྒྱུ་དེ་ཡིན། ད་སྐབས་མུའུ་ཆིག་ཁྲི་ལ་ཚོད་ལྟའི་འདེབས་འཛུགས་བྱས་ཟིན་པ་ལགས”ཞེས་གསུངས།
          ཨ་ལུ་སུང་གིས་གསུང་རྒྱུར། སྲིད་གཞུང་གི་རྒྱབ་སྐྱོར་འོག་མང་ཚོགས་རྣམས་ཀྱིས་བྱ་སྡེར་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་ཆེ་རུ་བཏང་ཡོད།  བྱ་སྡེར་འབྲུ་རིགས་(Eleusine coracana)ནི་སྙེ་མ་བྱ་སྡེར་དང་འདྲ་བས་ཆ་ནས་དེ་ལྟར་བཏགས་པ་ཡིན་ལ། བོད་ལྗོངས་ཀྱི་མཚོ་འཕགས་སྨི་2000མན་གྱི་རོང་ཁུལ་ཏེ་དཔེར་ན་མེ་ཏོག་དང་རྫ་ཡུལ་ལྟ་བུ་ནས་འདེབས་འཛུགས་བྱེད་ཐུབ་ཀྱི་ཡོད། བྱ་སྡེར་འབྲུ་རིགས་ཀྱི་ཐོན་འབབ་དམའ་ཞིང་མུའུ་གཅིག་ནས་རྒྱ་མ་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མི་ཐོན། དེ་ལྟར་ནའང་སྲིད་གཞུང་གི་རྒྱབ་སྐྱོར་འོག་མང་ཚོགས་རྣམས་ཀྱིས་བྱ་སྡེར་འབྲུ་རིགས་འདེབས་མོས་ཤིན་ཏུ་ཆེ། བྱ་སྡེར་འབྲུ་རིགས་སྨིན་པའི་རྗེས་སུ་སྲིད་གཞུང་གིས་ཆེད་དུ་སྨན་རྫས་ཀུང་སི་རྩ་འཛུགས་བྱས་ཏེ་ཐད་ཀར་འབྲུ་རིགས་འདི་རིགས་ཉོ་སྒྲུབ་བྱེད་དུ་འཇུག་པས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ཡོད། བྱ་སྡེར་འབྲུ་རིགས་ལ་སྨན་ནུས་ཆེན་པོ་ལྡན་ཞིང་། བྱ་སྡེར་འབྲུ་རིགས་ལས་བསྙལ་བའི་ཆང་འཐུང་རྒྱུ་ནི་ས་འདི་གའི་བཟའ་བཏུང་གོམས་སྲོལ་ཞིག་ཏུ་གྱུར་ཡོད། མ་འོངས་པ་ན་འདི་ཉིད་ས་གནས་ཀྱི་ཁྱད་ཐོན་ཚོང་རྫས་སུ་བྱས་ནས་ཕྱིར་འཚོང་བྱེད་རྩིས་ཀྱང་ཡོད།
 
གྲོང་ཚོའི་ཡུལ་མི་རྣམས་ཀྱི་ཅོག་ཙེའི་སྟེང་དུ་བྱ་ཤའི་ཟས་རིགས་བཤམས་ཡོད་པ།
          ཨ་ལུ་སུང་གིས་མཚམས་སྦྱོར་གནང་བ་ལྟར་ན། ཏིང་པ་བར་རང་ཉིད་ཀྱི་སྐད་ཆ་ཡོད་ཅིང་ཡི་གེ་མེད། བོད་ལྗོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ལག་བསྟར་བྱས་པ་ནས་བཟུང་མང་ཚོགས་ཀྱི་བྱིས་པ་རྣམས་ཀྱིས་ཚད་ལྡན་གྱི་སློབ་གྲྭའི་སློབ་གསོ་མྱོང་བཞིན་ཡོད་ཅིང་། ཨ་ལུ་སུང་གི་བུ་ཕྲུག་གཉིས་གྲོང་ཚོ་དང་ཁ་བྲལ་ནས་བོད་ལྗོངས་ཀྱི་ས་གནས་གཞན་དུ་ལས་ཀ་བྱེད་དུ་ཕྱིན་འདུག དེང་སྐབས་ཀྱི་ཡུལ་མིའི་འཕེལ་རྒྱས་འདུ་ཤེས་སྤྱི་ཁྱབ་ཀྱིས་འགྱུར་ལྡོག་བྱུང་བཞིན་ཡོད་ལ།  འཚོ་བའི་ཆུ་ཚད་ཀྱང་གོང་འཕེལ་ཆེན་པོ་བྱུང་ཡོད། ཟས་ཅོག་སྟེང་དུ་རང་ཉིད་ཀྱིས་བསྙལ་བའི་བྱ་སྡེར་འབྲུ་རིགས་ཀྱི་ཆང་བཞག་ཡོད་པ་མ་ཟད་དྲི་ཞིམ་རོ་མངར་ལྡན་པའི་བྱ་ཤའི་ཟས་རིགས་ཀྱང་ཡོད་ལ། སྔོ་ཚོད་དང་ཤིང་ཏོག་གི་རིགས་ནི་སྣ་ཁ་ཤིན་ཏུ་ནས་ཀྱང་མང་ངོ་། རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་འོག མང་ཚོགས་ཕལ་མོ་ཆེ་ནི་གྲོང་ཚོ་ནས་འཚོ་སྡོད་བྱེད་འདོད་ཆེ་ལ། དེ་ལས་ཉུང་ཤས་ཤིག་ཕྱི་ཐོག་ལ་ཕྱིན་ནས་ལས་ཀ་གཉེར་བཞིན་ཡོད།
ཡུལ་མིའི་ཁང་པའི་མདུན་དུ་རང་ཁྱིམ་གྱི་སྟོན་འབྲས་བ་དམ་སྐེམ་བཞིན་ཡོད་པ།
          མཚོ་འཕགས་1700ཡོད་པའི་བྱ་ཁྱུང་གྲོང་ཚོ་ནི་ཕྱོགས་བཞིར་རི་ཡིས་བསྐོར་ཞིང་གྲོང་ཚོར་འཛུལ་བའི་ལམ་ཁ་ཡོངས་རྫོགས་ནི་ཡུག་ཐོང་སྡོང་བོ་དང་མེ་ཏོག་དབང་ལག་གིས་ཁེངས་ཡོད་ལ། རྩེ་མོ་དགུང་ལ་ཟུག་ནས་ཚ་ཁུལ་ཕྱེད་མའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཀུན་གྱི་སྤྱན་ལམ་དུ་བསྟར་ཡོད། མེ་ཏོག་སྣ་བརྒྱ་གོས་ལྟར་བཀྲག་མདངས་བཀྲ་ཞིང་། རྩྭ་དང་རྩི་ཤིང་སྟུག་པོར་བཀོད་པ་ལ། ཁྱིམ་རེ་རེའི་ཤིང་ཁང་མཐོན་པོའི་མདུན་རོལ་ན་གསེར་མདོག་རྣམ་པར་བཀྲ་བའི་མ་རྨོས་ལོ་ཏོག་སྐེམ་ཡོད། ལམ་བར་དུ་མཐོང་བའི་ཡུལ་མི་རྣམས་ཀྱིས་ཞིང་ཁ་རུ་དཀའ་བ་ཁྱད་དུ་བསད་ནས་ངལ་རྩོལ་བགྱི་ཞིང་གདོང་ལ་བློ་ཡིད་འཚེང་བའི་འཛུམ་དམངས་མེ་ཏོག་ལྟར་བཞད་འདུག ཁྱིམ་ཚང་གི་མདུན་ཕྱོགས་སུ་བསླངས་པའི་ཤིང་སྒྲོམ་ཆེན་པོའི་སྟེང་དུ་སྟོན་འབྲས་སྨིན་པའི་བ་དམ་སྐེམ་པ་དང་། ལམ་དུ་བསྐྱོད་པའི་ཡུལ་སྐོར་བ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ནས་ཅེར་རེ་བལྟ་ཞིང་འགྲོ་ཁར་བ་དམ་ཁུག་མ་གང་རེའང་ཉོ་སྲིད། མང་ཚོགས་རྣམས་ཀྱིས་འདི་བཞིན་ཁྱིམ་གྱི་སྒོ་ཁ་ནས་ཚོང་གཉེར་ཏེ་ཡོང་འབབ་བསྐྱེད་བཞིན་ཡོད། སྣང་ཚུལ་འདི་དག་གིས་ང་ཚོར་ཚོར་སྣང་ཟབ་མོ་ཞིག་དབང་མེད་བྱུང་བ་ནི་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལག་ལེན་བསྟར་བ་དེ་ནི་ཉི་འོད་ལམ་ལམ་འཕྲོ་བ་ནང་བཞིན་གྲོང་ཚོ་ཡོངས་ལ་ཁྱབ་པར་གྱུར་པ་དེའོ། །
ཨ་ལུ་སུང་གི་ཁྱིམ་རར་རྩེ་མོ་དགུང་ལ་ཟུག་པའི་མེ་ཏོག་དབང་ལག་ཡོད་པ།
ཨ་ལུ་སུང་གི་ཁྱིམ་རར་འབྲས་བུ་གཡུར་དུ་ཟ་བའི་ཤིང་ཏོག་ཨ་མྲ་ཡོད་པ།
ཨ་ལུ་སུང་གི་ཁྱིམ་དུ་རྒྱན་རིས་རྒྱ་ཆེར་སྤྲས་པའི་ཆ་སྒམ་ཡོད་པ།

ཨ་ལུ་སུང་གི་ཁྱིམ་གྱི་ཏིང་པ་བའི་ཁྱད་ལྡན་འཛུགས་སྐྲུན།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716