སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཁོས་བརྙན་མིག་བརྒྱུད་ནས་འཛམ་གླིང་སྣེ་གསུམ་པའི་ཚེ་སྲོག་གི་སྟོབས་ཤུགས་ཟིན་ཐོར་བཀོད།
སྤེལ་དུས། 2017-11-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ།  ཟླ་11པའི་ཚེས་12ཉིན་གྱི་ཕྱི་དྲོར།《ང་ཚོ་འཛམ་གླིང་ཡང་རྩེར་འགྲེང་པ》དང《ཆར་རླུང་དྲག་པོའི་ཁྲོད་བསྐྱོད་བཞིན་པའི་རུ་མི》《འཁྱག་རོམ་ལས་ཆུ་ལེན་པ》《ནད་ཀྱིས་གདུས་པའི་རུ་མི》《ཁྱིམ་གྱིས་ང་ལ་སྟོབས་ཤུགས་བསྩལ》སོགས་གངས་རིའི་ཡང་རྩེ་ནས་པར་དུ་བཏབ་པའི་རི་མོ་50ཡིས་བོད་ཀྱི་རི་འཛེག་མཁན་གྱི་འཚོ་བ་བརྗོད་པ་དང་སའི་གོ་ལའི་སྣེ་གསུམ་པའི་མཛེས་སྡུག་ཟིན་ཐོར་བཀོད་པའི་པར་ལེན་བརྩམས་ཆོས་ལྷ་ས་གྲོང་ཁྱེར་གྱི་ཚེ་རིང་མཆེད་ལྔ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད།
པར་ལེན་མཁན་ཚེ་རིང་བཀྲ་ཤིས།
བཀྲ་ཤིས་ཚེ་རིང་གིས་ལྷན་རྒྱས་ལ་རང་གི་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།
          པར་ལེན་མཁན་བཀྲ་ཤིས་ཚེ་རིང་དེ་སྔར་ཇོ་མོ་གླང་མའི་རི་རྩེར་ཐེངས་12ལ་འཛེགས་མྱོང་ཡོད་ཅིང་། རྒྱལ་ནང་དུ་ཇོ་མོ་གླང་མའི་རི་རྩེར་འཛེགས་གྲངས་མང་ཤོས་ཀྱི་ཟིན་ཐོའི་རྒྱུན་འཛིན་མཁན་དུ་ཆགས་ཡོད་པ་རེད། “རི་འཛེགས་ཀྱིས་ངའི་ཡོད་ཚད་ལ་འགྱུར་བ་བཏང་ཡོད། ངས་བཀའ་དྲིན་སེམས་ལ་བཅངས་ཏེ་ལག་ནང་གི་པར་ཆས་བརྒྱུད་ནས་ཧི་མ་ལ་ཡའི་རི་འཛེག་དཔའ་བོ་རྣམས་ཀྱིས་རི་འཛེག་མྱུལ་དཔྱད་ཀྱི་བརྒྱུད་རིམ་ཁྲོད། རླུང་འཚུབ་དྲག་ཆར་ལ་མ་འཛེམ་པ་དང་གངས་ཆར་བུ་ཡུག་ལ་གདོང་གཏད་པ། དཀའ་སྤྱད་སྡུག་རུས་ཀྱིས་ཡང་རྩེར་སྙེག་པའི་རི་འཛེག་སྙིང་སྟོབས་ཇི་མ་ཇི་བཞིན་མངོན་པར་མཚོན་ཡོད།” ལོ་ངོ་བཅུ་ལྷག་ཙམ་རིང་གི་རི་འཛེག་ལས་འགན་ལེགས་པར་འགྲུབ་པའི་དུས་མཚུངས་སུ་བཀྲ་ཤིས་ཚེ་རིང་གིས་ལག་ནང་གི་པར་ཆས་བརྒྱུད་ནས་འཛམ་གླིང་གི་སྣེ་གསུམ་པ་ཚེ་སྲོག་གི་སྟོབས་ཤུགས་ཟིན་ཐོར་བཀོད་ཡོད་པ་རེད།
པར་ལེན་བརྩམས་ཆོས་《ང་ཚོ་འཛམ་གླིང་ཡང་རྩེར་འགྲེང་པ》
པར་ལེན་བརྩམས་ཆོས《ནད་ཀྱིས་གདུས་པའི་རུ་མི》
          “ བཀྲ་ཤིས་ཚེ་རིང་གི་པར་རིས་ཀྱིས་ང་ལ་སེམས་འགུལ་ཐེབས་པར་བྱས་སོང” ཞེས་འགྲེམས་སྟོན་ཇུས་འགོད་པ་ཀྲང་ཧྲོའུ་གོ་ཡིས། པར་རིས་དག་བལྟས་ཚོད་ཀྱིས་སྤྱིར་བཏང་ཞིག་ཏུ་སྣང་ནའང་། དེའི་ལྟག་རྒྱབ་ཏུ་བློས་བཏང་པའི་རིན་ཐང་ནི་ཀུན་གྱིས་བློ་ཡུལ་ལ་འཆར་དཀའ་བ་ཞིག་སྟེ། རི་འཛེག་གི་བཞུད་ལམ་ནི་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་ཡིན་ལ། གལ་ཏེ་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་ཤིག་མེད་ཚེ། རི་འཛེག་གི་ལས་འགན་ལེགས་གྲུབ་བྱེད་དཀའ་བའི་དུས་མཚུངས་རི་འཛེག་བརྒྱུད་རིམ་ཁྲོད་ཟིན་ཐོར་ཡང་འགོད་ཐབས་ཡོད་པ་མ་རེད་ཅེས་བརྗོད།
པར་ལེན་བརྩམས་ཆོས《བྱང་ངོགས་ཀྱི་སྒར་ས(སྨི7028)》
པར་ལེན་བརྩམས་ཆོས《ཆར་རླུང་དྲག་པོའི་ཁྲོད་བསྐྱོད་བཞིན་པའི་རུ་མི》
          “བཀྲ་ཤིས་ཚེ་རིང་གི་བརྩམས་ཆོས་ནི་རི་འཛེག་ལ་དམིགས་ཏེ་སྤེལ་ཡོད་ཅིང་། བརྩམས་ཆོས་རེ་རེར་བོད་ཀྱི་རི་འཛེག་མཁན་རྣམས་ཀྱི་རི་འཛེག་གཏམ་རྒྱུད་ཡིན་ལ། བརྩམས་ཆོས་མཐོང་པ་ན་དངོས་གནས་ཡུལ་དངོས་སུ་བརྒྱུད་པ་ལྟ་བུའི་མྱོང་ཚོར་སྟེར་ཐུབ”ཅེས་བོད་ལྗོངས་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབང་ཕྱུག་རྡོ་རྗེས་དེ་སྐད་བརྗོད་བྱུང་། དབང་ཕྱུག་རྡོ་རྗེའི་རེ་བ་ལྟར་ན།  མི་རེ་རེས་རང་ཉིད་ཀྱི་ཐབས་ལམ་བརྒྱུད་ནས་རང་ཉིད་ཀྱི་ཉེ་འགྲམ་དུ་ཐོན་པའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། དེ་རིང་གི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་གཞན་ལ་དེ་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་ཤེས་སུ་འཇུག་དགོས།
པར་ལེན་བརྩམས་ཆོས《འཁྱག་རོམ་ལས་ཆུ་ལེན་པ》
          རྒྱུས་ལོན་བྱུང་པ་ལྟར་ན། བཀྲ་ཤིས་ཚེ་རིང་གིས་བླངས་པའི་པར་ལེན་བརྩམས་ཆོས་117ལས་གྲུབ་པའི《ཧི་མ་ལ་ཡའི་སྲས》ཞེས་པ་ད་ལྟ་པར་སྐྲུན་བྱས་ཚར་ཞིང་།  ད་རེས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནི་དེའི་ནང་གི་ཁ་ཤས་རེད།
པར་ལེན་བརྩམས་ཆོས《ཞོགས་པའི་མཚམས་སྤྲིན》
          གངས་རི་མདུན་དུ་འགྲེངས་ཚེ། མིའི་རིགས་ནི་ཐོག་མཐའ་བར་གསུམ་དུ་ཤིན་ཏུ་ཉམས་ཆུང་ཞིང་སྐྲག་སྣང་གིས་ཁེངས་པ་ཞིག་ཡིན་ནའང་། བཀྲ་ཤིས་ཚེ་རིང་གིས་ཁོའི་པར་ཆས་ལ་བརྟེན་ནས་གངས་རི་དང་འབྲེལ་ལམ་ཟབ་མོ་བཙུགས་ཡོད།  ཁོས་པར་ལེན་བརྩམས་ཆོས་བརྒྱུད་ནས་མི་དེ་ལས་མང་པོ་ཞིག་ལ་གངས་རིའི་ཡང་རྩེའི་དྭངས་གཙང་དང་མཛེས་སྡུག་རླབས་ཆེན་ཤེས་སུ་བཅུག་ཡོད་པ་རེད། 《ཧི་མ་ལ་ཡའི་སྲས》ཞེས་པའི་དཔེ་དེབ་པར་སྐྲུན་གྱི་དམིགས་ཡུལ་སྐོར་གླེང་སྐབས། བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར། པར་དེབ་དཔེ་སྐྲུན་གྱི་ཐོག་མའི་བསམ་འདུན་ནི་རང་ནུས་ཅི་ལྕོགས་ཀྱིས་ཇོ་མོ་གླང་མའི་སྨི་8000ཡན་གྱི་གད་སྙིགས་གཙང་བཟོའི་ཐད་ནུས་པ་ཙམ་འདོན་བསམ་པ་ཡིན་ལ། ཁོས་པར་དེབ་རེ་རེ་བཙོང་པའི་རིན་སྒོར་ལས་སྒོར་50རེར་བཏོན་ནས་ཧི་མ་ལ་ཡ་ཁོར་ཡུག་སྲུང་སྐྱོང་སྤྱོད་རྒྱུ་ཡིན་ལ། འདི་ཡང་བཀྲ་ཤིས་ཚེ་རིང་གི་ཡུན་རིང་གི་འདོད་མོས་རེད།
པར་ལེན་བརྩམས་ཆོས《རི་མཐོའི་ཁོར་ཡུག་སྲུང་སྐྱོང》
          དེ་བས་ཀྱང་རྩ་ཆེ་བ་ནི་བཀྲ་ཤིས་ཚེ་རིང་གིས་རི་འཛེག་གཏམ་རྒྱུད་ཟིན་ཐོར་བཀོད་པ་ཕུད། ད་དུང་ལག་ནང་གི་པར་ཆས་བརྒྱུད་ནས་ཇོ་མོ་གླང་མ་དང་རོང་ཕུ་འཁྱག་རོམ་གྱི་རང་བྱུང་ཁོར་ཡུག་འགྱུར་ལྡོག་ཀྱང་ཟིན་ཐོར་བཀོད་ཡོད་པ་རེད། ཁོས་ནི་མི་དེ་ལས་མང་བོ་ཞིག་ཇོ་མོ་གླང་མའི་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་པའི་རེ་བ་རྒྱག་གི་ཡོད་ཅིང་།  དེང་སྐབས་བཀྲ་ཤིས་ཚེ་རིང་ནི་རི་མཐོའི་བརྙན་ལེན་པ་ཞིག་ཡིན་པ་མ་ཟད་ཇོ་མོ་གླང་མ་སྲུང་མཁན་ཞིག་ཀྱང་རེད་དོ།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716