སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་རིན་པོ་ཆེས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཆོས་ལུཊ་ཆོ་ག་སྤེལ།
སྤེལ་དུས། 2015-12-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ ༡༡ ཚེས ༢༤ ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ལྷ་སར་ཕེབས་འབྱོར་ཟིན་པ་དང་། དེའི་རྗེས་ཀྱི་ཉིན་ཤས་ནང་དུ་པཎ་ཆེན་མཆོག་གིས་ལྷ་སར་ནང་པའི་ཆོས་ལུགས་མཛད་སྒོ་རབ་དང་རིམ་པའི་ཕྲིན་ལས་བསྐྱངས་ཤིང་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོར་ལྷན་ཞུགས་མཛད།
 
  ཟླ ༡༡ ཚེས ༢༩ ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་དུ་ལྷ་བསང་གི་དུ་བས་ཕྱོགས་ཀུན་དཀྲིག་ཅིང་སློབ་གླིང་ནང་གི་འདུ་འགོད་རྣམ་ཀུན་ལས་ལྡབ་འགྱུར་གྱིས་ཆེ། ནང་བསྟན་སློབ་གླིང་གི་སྒོ་འགྲམ་གྱི་རྡོ་བཅལ་ཐོག་ཏུ་ཚོན་ཕྱེ་དཀར་སེར་གཉིས་ཀྱིས་རྟེན་འབྲེལ་མཚོན་པའི་རི་མོ་ཆེན་པོ་ཞིག་བྲིས་ཡོད་ཅིང་དེའི་གཞོགས་གཉིས་སུ་སློབ་གླིང་ཡོངས་ཀྱི་གྲྭ་ཇོ་དང་སློབ་གཉེར་བས་ལག་ཏུ་ཁ་བཏགས་བཟུང་སྟེ་པཎ་ཆེན་རིན་པོ་ཆེ་ཕེབས་སྒུག་བྱེད།

  ཞོགས་པའི་ཆུ་ཚོད ༡༠ པའི་ཐོག་ཏུ་པཎ་ཆེན་རིན་པོ་ཆེ་ཕེབས་རོགས་དང་བཅས་བླ་འཁོར་རྣམས་སློབ་གླིང་དུ་འབྱོར་མ་ཐག་དུས་གཅིག་ཏུ་དུང་དང་རྒྱ་གླིང་གི་སྒྲ་དབྱངས་ཁྲོད། སློབ་གླིང་གི་སློབ་གཉེར་བ་ཚོས་རུ་སྟར་སྒྲིག་སྟེ་ཕེབས་བསུ་ཞུས། ཕྱག་ཏུ་བསང་ཕོར་བསྣམས་པ་དང་རྒྱ་གླིང་འབུད་པའི་བླ་ཆེན་རྣམས་ཀྱིས་མདུན་ནས་བསྐྱོད་ཅིང་། གདུགས་དང་རྒྱལ་མཚན་ཐོགས་པའི་སྐྱེས་ཆེན་ཚོས་སྐུ་དྲུང་ནས་དལ་བུར་ཕེབས་རོགས་ཞུས། པཎ་ཆེན་རིན་པོ་ཆེས་དད་ལྡན་རྣམས་ལ་ཕྱག་གཡོབ་གནང་སྟེ་ཐུགས་འདུན་མཚོན་པར་བྱས་པ་དང་གྲྭ་དམངས་ཀྱིས་སྐོར་བའི་དབུས་ནས་དལ་བུར་ནང་བསྟན་སློབ་གླིང་གི་སྒོ་ནང་དུ་འཛུལ། 

  ནང་བསྟན་སློབ་གླིང་གི་འདུ་ཁང་སྦུག་ན་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཤིན་ཏུ་ཆེ་བ་ཞིག་བཀལ་ཡོད་པ་དང་། པཎ་ཆེན་མཆོག་ནས་སངས་རྒྱས་ཀྱི་སྐུ་བརྙན་དེར་སྐུ་ཕྱག་བཙལ་རྗེས་མཇལ་དར་ཕུལ་བ་དང་དེ་ནས་སྐུ་འདྲའི་མདུན་གྱི་བཞུགས་ཁྲིའི་ཐོག་ཏུ་འཁོད་དེ་ཆོ་ག་ཕྱག་ལེན་དང་ཆོས་འཁོར་གྱི་གཙོ་སྐྱོང་གནང་། དེ་དང་མཉམ་དུ་སློབ་གླིང་གི་གྲྭ་དམངས་བགྲེས་གཞོན་ཀུན་འདུ་ཁང་དུ་བཞུགས་ཏེ་ལྷན་དུ་ཆོས་འདོན་མཛད། 

  སྐྱོར་དཔོན་གྱིས་དགེ་འདུན་ཡོངས་ཀྱི་སྣེ་ཁྲིད་དེ་ཁ་འདོན་ཅུང་ཙམ་གནང་རྗེས། པཎ་ཆེན་རིན་པོ་ཆེས་སྐད་བསང་མཐོ་པོས་ཆོས་འདོན་པ་དང་སྨོན་ལམ་བཏབ་རྗེས་ཚོགས་ཁྲིད་གནང་། མཛད་སྒོ་གྲུབ་མཚམས་སུ་པཎ་ཆེན་མཆོག་གིས་གསུངས་ངག་སྟབས་བདེའི་ཐོག་ནས་སློབ་གླིང་ཡོངས་ཀྱི་གྲྭ་པ་སློབ་གཉེར་བ་ཚོར་སྐུལ་ལྕག་བཀའ་སློབ་གནང་བ་སྟེ། པཎ་ཆེན་རིན་པོ་ཆེས་གསུང་པར། སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཚོར་སློབ་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། དེར་བརྟེན་ཚང་མས་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ་ཐོས་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན། བསྟན་པ་སྤེལ་ཞིང་རྒྱལ་ཁབ་ལ་ཕན་བདེ་བསྐྲུན་པར་འབད་དགོས། ཞེས་གསུངས། 


  དེ་རྗེས་པཎ་ཆེན་མཆོག་གིས་སློབ་གླིང་ཡོངས་ཀྱི་གྲྭ་དམངས་ལ་ཕྱག་དབང་གནང་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་གཅིག་ལྕོགས་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གིས་སློབ་གླིང་གི་གྲྭ་ཇོ་སློབ་གཉེར་བ་ཡོངས་ཀྱིས་ཚབ་ཞུས་ཏེ་པཎ་ཆེན་རིན་པོ་ཆེ་ལ་མཎྡལ་སོགས་ཀྱི་ཕྱག་རྟེན་ཕུལ་བ་རེད། 

 ནང་བསྟན་སློབ་གླིང་གི་དཔེ་ཁྲིད་མཁན་པོ་དང་བོད་རྒྱུད་ནང་བསྟན་བཀའ་རྒྱུད་པའི་གྲུབ་མཐའི་སྤྲུལ་སྐུ་འཕགས་ལོ་བསྟན་འཛིན་རྡོ་རྗེ་མཆོག་གིས། པཎ་ཆེན་རིན་པོ་ཆེ་མཆོག་དེ་རིང་ང་ཚོའི་སློབ་གླིང་ལ་བྱོན་ཏེ་གྲྭ་ཇོ་སློབ་གཉེར་བ་ཡོངས་ལ་ཆོས་ལུགས་ཀྱི་བཀའ་ཁྲིད་གནང་བར་ང་ཚོའི་སེམས་ནང་དུ་དགའ་སྤྲོ་ཤིན་ཏུ་ཆེ། ཞེས་གསུངས། 

  བོད་ལྗོངས་སུ་ཆགས་ཤིང་ས་ལུགས་པའི་གྲུབ་མཐའ་འཛིན་པ་དུང་དཀར་དགོན་གྱི་གྲྭ་པ་ཀུན་དགའ་རྒྱལ་མཚན་མཆོག་གིས་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་སྟེ་ད་ལམ་ཟླ་ངོ་འགའ་འདས་པ་དང་། ད་ཐེངས་ནི་པཎ་ཆེན་རིན་པོ་ཆེ་མཇལ་ཐེངས་དང་པོ་དེ་རེད་འདུག ཁོང་གིས་སེམས་འགུལ་ཐེབས་པའི་ཉམས་ཀྱིས། ང་ཚོས་ངེས་པར་དུ་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་སྙིང་དབུས་སུ་བཅངས་ཏེ། སྙིང་རུས་ཆེན་པོས་མདོ་རྒྱུད་བསྟན་བཅོས་ལ་ལེགས་པར་སྦྱངས་ཏེ་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་པའི་གྲྭ་པ་ཞིག་ཆགས་པ་བྱ་རྒྱུ་ཡིན། ཞེས་བརྗོད།
 
  བོད་ལྗོངས་ནང་བསྟན་སློབ་གླིང་ནི་བོད་ལྗོངས་ནང་ཁུལ་གྱི་རིམ་མཐོའི་བོད་རྒྱུད་ནང་བསྟན་སློབ་གཉེར་སློབ་གྲྭ་ཨང་དང་པོ་དེ་རེད། ༢༠༡༡ ལོའི་ཟླ ༡༠ པའི་ཚེས ༡ ཉིན་སློབ་གླིང་དེ་དངོས་སུ་དབུ་བརྙེས་པ་དང་། འཛུགས་སྐྲུན་མ་དངུལ་ཁྱོན་དུང་ཕྱུར ༡ ལས་བརྒལ། མིག་སྔར་བོད་ལྗོངས་ཀྱི་གྲུབ་བརྒྱུད་ཁག་ནས་ཕེབས་པའི་གྲྭ་ཇོ་སློབ་གཉེར་བ་དང་མཁན་སྤྲུལ་བླ་ཆེན་ཁྱོན ༣༠༠ ལྷག་འདུས་ནས་སློབ་གཉེར་ལ་གཞོལ་གྱིན་ཡོད། 

  ཁ་བྱང་ཕྱི་མོ། པཎ་ཆེན་རིན་པོ་ཆེས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་ཆོས་ལུཊ་ཆོ་ག་སྤེལ།
(རྩོམ་འགན་པ། བསྟན་འཛིན)


 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070