སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་པ།
སྤེལ་དུས། 2017-01-10   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན་བཅས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཚོགས་ཆེན་ལ་རྟེན་འབྲེལ་ཡང་ཞུས་པ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

          ཟླ་1ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བའི་གནས་ཚུལ་ཡིན་པ།

          ཟླ་1ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།
          དཔྱིད་དཔལ་གསར་དུ་བཞད། རྒྱས་འཛོམས་དུས་ཐོག་བྱུང་། ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དུས་ཡུན་ཉིན་ལྔའི་ནང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གཙོ་བོར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལེགས་པར་བསྒྲུབ་རྒྱུ་ཡིན་ཞིང་། ཁོང་རྣམ་པས་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱ་ཕྱིར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་རེད།
          ཚེས་9ཉིན་གྱི་སྔ་དྲོ་གནའ་གྲོང་ལྷ་སར་ཉི་འོད་རབ་ཏུ་འཚེར་ནས་དྲོ་སོབ་སོབ་ཡོད་ཅིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་ནང་གཟི་བརྗིད་དཔལ་དང་ལྡན་ལ་བབ་ཆགས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པའི་སྲིད་གྲོས་ཀྱི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་ཐོད་དབུས་སུ་བཀལ་བ་དང་གཞོགས་གཡས་གཡོན་གཉིས་སུ་གྲལ་སྟར་འགྲིག་པོར་བཙུགས་པའི་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དག་སྣང་ངོར་མངོན་གསལ་དོད་པ་ཞིག་ཡོད་པ་རེད།
          ཝུའུ་དབྱིང་ཅེ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། བསྟན་ཁོ། ཝང་རུའེ་ལེན། ཅང་ཅེ། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ལེགས་མཆོག་སོགས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཡང་ཞུས་པ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་སུའུ་ཀྲི་དང་། ཀའོ་དབྱང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། པད་མ་རྣམ་རྒྱལ། བློ་བཟང་འགྱུར་མེད། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ཅིན་ཧྲེ་ཤུན། བསོད་ནམས་རིག་འཛིན། ངག་དབང་། མཚམས་ཆུང་། ང་ཕོད་འཇིགས་ཡོན། ཚེ་དབང་སྟོབས་རྒྱལ། དེ་བཞིན་དྲུང་ཆེ་ལེ་ཀུའེ་ལུང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་བཅུ་པར་བརྗིད་ཉམས་ཆེ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དུ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད།
          འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་གཙོ་སྐྱོང་གནང་རིང་ཐེངས་འདིའི་ཚོགས་འདུའི་ལས་འགན་གཙོ་བོ་ནི། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་མིན་གྱི་འབྲེལ་ཡོད་སྙན་སྒྲོན་གསན་རྒྱུ་དང་འབྲེལ་དེ་དག་ལ་གྲོས་བསྡུར་གནང་རྒྱུ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་དང་གྲོས་ཆོད་གཞན་དག་ལ་གྲོས་ཞིབ་དང་གྲོས་འཆམ་གནང་རྒྱུ། མི་དོན་སྐོར་གྲོས་འཆམ་གནང་རྒྱུ་བཅས་ཡིན་ཞེས་བསྟན་གནང་བ་རེད།
          འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཐེངས་འདིའི་ཚོགས་འདུ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་ལོ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ། སྐབས་འདིའི་སྲིད་གྲོས་མཇུག་སྒྲིལ་བའི་ལོ་བཅས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པས། རེ་བར་ཚང་མས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐད་ཀའི་འགོ་ཁྲིད་འོག མངགས་བཅོལ་ཟབ་མོ་ཕྲག་ཏུ་བཞེས་པ་དང་། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར། སེམས་ནུས་གཅིག་སྒྲིལ་དང་འགན་འཁུར་ལས་སྒྲུབ། གྲོས་མོལ་སྲིད་གྲོས། ཐབས་འདོན་ཇུས་འདོན་བཅས་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་བདེན་གཏམ་ཤོད་པ་དང་། དྲང་གཏམ་ཤོད་པ། གོ་ཆོད་པའི་གཏམ་ཤོད་པ་བཅས་ཀྱིས་ཚོགས་ཆེན་འདི་མཐུན་སྒྲིལ་དམངས་གཙོ་དང་། དམ་པ་དོན་གཉེར། ལམ་བཤངས་གསར་གཏོད། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་དངོས་གནས་ཚོགས་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
          ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ལ་གྲོས་ཞིབ་དང་གྲོས་འཆམ་གནང་བ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ《སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》གནང་བ་རེད། སྙན་སྒྲོན་ནང་2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དུས་མཚམས་ཀྱི་འགག་རྩའི་ལོ་ཞིག་ཀྱང་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་བཅས་ཀྱི་འོག རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་ལ་མཐུན་སྒྲིལ་རྒྱ་ཁྱབ་བྱས་ནས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་སྲིད་གྲོས་ལ་བཏོན་གནང་བའི“མཐུན་རྐྱེན་གཅིག་དང་། ཐུན་མོང་གཉིས། སྔར་བས་ལེགས་པ་གསུམ”གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་བཅས་ཀྱི་ཐོག་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཐབས་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བཅས་བྱས་པ་དང་། ཕྱོགས་ཡོངས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་ཐུབ་པ་དང་ནུས་པ་འདོན་ཐུབ་པ་བྱས་ཏེ་བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་རོགས་སྐུལ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་ཡོད།
          སྙན་སྒྲོན་ནང་ལངས་ཕྱོགས་བརྟན་དུ་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་པ་དང་། ལྟེ་བར་དམིགས་པ་དང་སྲིད་གྲོས་ཐབས་འདོན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། མཐུན་སྒྲིལ་བསྟུན་མཁས་དང་སེམས་ནུས་གཅིག་སྒྲིལ་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ། རང་བྱུང་ལ་བརྩི་འཇོག་དང་སྣོད་བཅུད་སྲུང་སྐྱོང་བྱས་ནས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ། དམངས་འཚོ་འགན་ལེན་དང་གོང་བུ་གཅིག་འགྲིལ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། གོ་རིམ་ཚད་ལྡན་དུ་བཏང་བ་དང་ཕན་འབྲས་དངོས་ལ་སྣང་ཆེན་བྱས་ནས་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། སྔ་འཛིན་ཕྱི་གཏོད་དང་གསར་གཏོད་ལག་ལེན་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་སོགས་ཕྱོགས་བདུན་ནས་2016ལོའི་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་དང་ཕྱིར་དྲན་གནང་ཡོད། དེ་དང་དུས་མཚུངས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། མདུན་བཅར་ལས་སྒྲུབ་མཐའ་འཁྱོངས་ཀྱིས་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་དགོས་པ། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། དཔེ་སྟོན་སྐུལ་ཁྲིད་མཐའ་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་ཆགས་པར་བྱེད་དགོས་པ། རྩ་སྲ་རྨང་བརྟན་མཐའ་འཁྱོངས་ཀྱིས་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཕྱོགས་ལྔ་ནས་2017ལོའི་སྲིད་གྲོས་ལས་དོན་བཀོད་སྒྲིག་གནང་ཡོད།
          སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ《སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》གནང་ཞིང་། སྙན་སྒྲོན་ནང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གཙོ་བོ་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གཞིགས་ཏེ་གྲོས་འདོན་གྱི་འགན་ནུས་ཏན་ཏིག་བསྒྲུབས་ཤིང་། རྒྱ་ཆེའི་ཨུ་ཡོན་ཚོས་གྲོས་གཞི་ཁག་489རྩིས་འབུལ་ཞུས་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་479ཐོ་འགོད་བྱས་ཡོད་པ་དང་། ན་ནིང་ལོ་མཇུག་བར་གྲོས་གཞི་ཚང་མར་ལན་བརྒྱབ་ཡོད། དེའི་ནང་བཏོན་པའི་གནད་དོན་ལ་ཆ་མཚོན་ན་ཐག་གཅོད་བྱས་ཟིན་པའམ་ཡང་ན་བསྡུ་ལེན་བྱས་པའི་བསམ་འཆར་དང་གྲོས་འགོ་ཁག་228ཡོད་པ་དང་། ཐག་གཅོད་དང་བསྡུ་ལེན་བྱས་པའི་གྲོས་གཞི་ཁག་170ཡོད་པ། ཆ་རྐྱེན་ཚད་བཀག་གི་རྐྱེན་པས་གནས་སྐབས་ཐག་གཅོད་བྱེད་དཀའ་བའམ་ཡང་ན་དཔྱད་གཞིར་ཉར་བའི་གྲོས་གཞི་དང་དེ་བཞིན་གྲོས་གཞི་གཞན་དག་ཁག་81ཡོད།
          ཀྲུའུ་ཞི་སྡིངས་ཆའི་ཐོག་ཏུ་བཞུགས་མཁན་གྲས་སུ་རྡོ་ཐོགས་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲགས། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ། ཅི་གོ་ཀང་། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཏེ་ལི། བདེ་སྐྱིད། སྐལ་བཟང་ཆེ་རིང་། རྡོ་རྗེ་ཚེ་སྒྲུབ། རྒྱལ་མཚན། ཧྥང་ལིང་མིན། དབང་ཧའེ་ཀྲོའུ། བསོད་དར། ཀྲང་ཕེ་ཀྲུང་། ཤའོ་དབྱང་ཀྲུང་། ཧྥུའུ་ཕེང་། ལིའུ་ཧན་ལིན། ཅ་ལི་གོ་སོགས་ཡོད།
          ད་ཐེངས་ཀྱི་ཚོགས་འདུར་ཟུར་ཞུགས་སུ་གདན་དྲངས་པའི་གྲས་སུ་བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་མིན་པའི་གྲོང་ཁྱེར(ས་ཁུལ)ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་། རྫོང(ཆུས)ཁག་གི་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་བཅས་ཡོད། དེ་དང་ཆབས་ཅིག་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀེ་པིན་ཏཱ•པཱ་ཧ་ཏུའར•ཁའར་ཅི་སོགས་ཚོགས་འདུ་ཟུར་ཉན་གནང་བར་གདན་དྲངས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716