སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ང་ཕོད་འཇིགས་ཡོན་ནས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞེན་སྐུལ་གནང་བ།
སྤེལ་དུས། 2017-03-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  དཔྱིད་ཀྱི་རྒྱལ་མོ་འཛིན་མའི་མགྲོན་དུ་བྱོན།། བྱ་དངོས་ཡོད་རྒུར་ཉམས་དགའི་གསོན་ཤུགས་བསྩལ།། ཞེས་པའི་ཤིས་ཚིག་གི་སྔུན་བསུས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་དཔྱིད་རླུང་སིལ་བུ་དང་བསྡོངས་ཏེ། ཨུ་ཡོན་ཚོའི་རེ་འདུན་དང་སེམས་ཁོང་གི་སྙིང་གཏམ་སྐྱེ་རྒུའི་རྣ་ལམ་དུ་ལྷང་ལྷང་སྒྲོག་ཅིང་། ཟླ3པའི་ཚེས12ཉིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞོན་པ་དང་། ལྗོངས་བཟོ་ཚོགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་མཆོག་ནས་པེ་ཅིང་དུ《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་བཅར་འདྲི་དང་ལེན་གནང་བ་རེད། 
  ང་ཕོད་འཇིགས་ཡོན་མཆོག་ནི་སྤྱི་ལོ2003ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། ད་ལྟའི་བར་དུ་སྐབས་གསུམ་གྱི་ཨུ་ཡོན་ནར་མར་གནང་མྱོང་ཞིང་།“འདས་པའི་ལོ་ངོ15ཡི་ནང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ལས་འགན་ཁུར་བའི་བརྒྱུད་རིམ་ཁྲོད། ངས་སྤྱིའི་ཆ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོས་གཞིའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་རེད་ཅེས་མགྲིན་པ་གཟིངས་སུ་བསྟོད་ནས་བརྗོད་ཆོག ནམ་རྒྱུན་རྒྱལ་ཡོངས་ཀྱི‘ཚོགས་འདུ་གཉིས’འཚོགས་འཆར་ཡོད་པའི་སྔོན་གྱི་ཟླ་བ་ཁ་ཤས་ནང་ཆེད་དུ་རྩོམ་ཡིག་སྤེལ་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྱང་ཀྲུའུ་ཞིའི་གཞུང་ལས་ཚོགས་འདུའི་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ལ་རེ་ཞུ་ཕུལ་ཏེ། རེ་བར་ཨུ་ཡོན་ཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུའི་ཐོག་ཏུ་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་། དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་ལ་འཚོལ་རྟོག་དང་བསམ་གཞིགས་བྱ་རྒྱུའི་སྙིང་ཕུར་འདེབས་པ་རེད། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འཁྲིའི་ལས་འགན་སྒྲུབ་པ་དང་། སྲིད་ཞུགས་མོལ་མཆིད་ཀྱི་ཐད་དུ་འགན་ཁུར་གྱི་འདུ་ཤེས་དང་། ཞུགས་འདུན་གྱི་སེམས་ཤུགས་ཆེན་པོ་ལྡན་ཡོད’” ཅེས་གསུངས། 
  ཨུ་ཡོན་ང་ཕོད་འཇིགས་ཡོན་ལགས་ཀྱིས་ངོ་སྤྲོད་གནང་བར། རང་ཉིད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ལས་གནས་ཐོག་ཏུ་ལས་བྱ་སྒྲུབ་སྐབས། མི་སྒེར་གྱི་མིང་ཐོག་ནས་བཏོན་པའི་གྲོས་གཞི་མང་པོ་མེད་ཀྱང་ཕལ་ཆེ་བ་མཉམ་འབྲེལ་མིང་ཐོག་ནས་བཏོན་པ་ཤ་སྟག་རེད། དེའི་ཁྲོད་ནས་བག་ཆགས་ཆེས་ཟབ་ཤོས་ནི། མདོ་དབུས་ལྕགས་ལམ་འཛུགས་སྐྲུན་གྲུབ་མཚམས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་འཁོར་དང་། མི་རིགས་མཐུན་སྒྲིལ་གྱི་ཚེ་སྲོག་གི་རྒྱུ་ལམ་འདི་ཉིད་ཀྱི་དགེ་མཚན་ཡོངས་སུ་རྫོགས་པ་འདོན་སྤེལ་བྱ་རྒྱུའི་ཐད་ལ་མཐོང་ཆེན་གནང་བཞིན་ཡོད། སྐབས་དེར་ངག་ཕོད་འཇིགས་ཡོན་ལགས་ཀྱིས་མདོ་དབུས་ལྕགས་ལམ་དང་འབྲེལ་བའི་གྲོས་འགོ་ཞིག་ལ་ཞུགས་བཞིན་པ་སྟེ། དེ་ནི་ནག་ཆུར་དངོས་ཟོག་འཁོར་རྒྱུགས་གཏོང་བའི་རྟེན་གཞི་ཞིག་བཙུགས་ཏེ། སྐྱེལ་འདྲེན་ལྟེ་གནས་དེར་བརྟེན་ནས་ནང་སའི་སྤུས་ལེགས་ཐོན་རྫས་བོད་ལྗོངས་སུ་དབོར་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁྱད་ལྡན་ཐོན་རྫས་རྣམས་རྒྱལ་ནང་དུ་དབོར་བ་བཅས་ཀྱིས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཁྱད་ལྡན་ཐོན་རྫས་དང་མི་རིགས་ཀྱི་ལག་ཤེས་ཐོན་རྫས་ཀྱི་འཕེལ་རྒྱས་ཀྱི་གྲ་དག་གྲུ་ལེགས་ལ་སྐུལ་འདེད་བཏང་བ་ཡིན་གསུངས། “རྒྱལ་ཡོངས་སྲིད་གྲོས་ཀྱིས་ངེད་ཚོའི་མཉམ་མིང་གྲོས་གཞི་ཡར་འབུལ་བྱས་མ་ཐག་འཕྲལ་དུ་ལན་བསྐྱོན་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ནས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད། ཐོན་ལས་གང་དེའི་སྲིད་ཇུས་དང་ཁྲོམ་རའི་བྲིན་ཚོང་སོགས་ཀྱི་འཐབ་ཇུས་ཐོག་ནས་རྒྱབ་སྐྱོར་བླ་མེད་བྱ་དགོས་པའི་སྐུལ་འདེབས་གནང་ཞིང་། ངོས་གྲོས་འགོ་དེར་ཞུགས་ཏེ། ཨུ་ཡོན་གཞན་དག་དང་ལྷན་དུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐད་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་རྒྱུའི་གོ་སྐབས་བྱུང་བར་ཞེ་ཐག་པ་ནས་དགའ་ཚོར་དཔག་མེད་བྱུང”ཞེས་གསུངས།
  དམངས་ཁྲོད་ཀྱི་ངོས་ནས་བརྗོད་ཚེ། ཁེ་ལས་ནི་གཞུང་ཁོངས་མིན་པའི་ཚོགས་སྤྱི་ཡིན་ཕྱིར། དེའི་དམངས་ཁྲོད་ཀྱི་ཚབ་མཚོན་རང་བཞིན་མངོན་གསལ་ཤིན་ཏུ་དོད།“བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལ་རང་སོའི་ཁ་གསལ་གྱི་བློ་བཀོད་དང་ངོས་འཛིན་ཡོད་པ་སྟེ། རང་སོའི་གཉེར་སྐྱོང་གི་ལས་སྒོ་དང་བྱ་འགུལ་ཡོད་ཚད་ཏང་གི་དབུ་ཁྲིད་དང་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་སྤེལ་དགོས་གཤིས། དེ་དག་གིས་རང་འགུལ་ངང་རང་ཉིད་ཀྱིས་རང་ཉིད་ལ་འཇུན་སྡོམ་ལེགས་པོ་བྱེད་པ་ཡིན”ཞེས་གསུངས།
  མཇུག་མཐར་ཨུ་ཡོན་ང་ཕོད་འཇིགས་ཡོན་ལགས་ནས་བོད་ལྗོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཟམ་མ་ཆད་པར་ལེགས་བཅོས་བྱུང་དང་འབྱུང་བཞིན་པ་ཡིན་ཞིང་། བོད་ལྗོངས་ཀྱི་སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་བས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ་བྱ་གཞག་གསར་གཏོད་དང་ཚོང་ལས་ཀྱི་གོ་སྐབས་སྔར་བས་མང་བ་སྦྲུམ་བཞིན་ཡོད་ཅིང་། རེ་བར་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་དེ་བས་མང་བས་གོ་སྐབས་ལ་དམ་འཛིན་བྱས་ཏེ། སྔར་བས་ལེགས་པའི་སྒོ་ནས་གྲུབ་འབྲས་གཏོད་ཐུབ་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་སོ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716