སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཔྱིད་དུས་རྨོད་གཉའ་བཅག རེ་བའི་ས་བོན་འདེབས།
སྤེལ་དུས། 2017-03-23   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།

ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་གྲོང་མི་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ།
ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་གྲོང་མིས་ལུད་ཁ་ཕྱེ་བའི་མཛད་སྒོ་གཉེར་བཞིན་པ།
          གངས་ལྗོངས་ས་མཐོར་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་བཅས་གང་སར་དཔྱིད་རྨོད་ཞིང་བྲེལ་གྱི་རྣམ་པ་ཞིག་མངོན་བཞིན་མཆིས། ཟླ་3ཚེས་16ཉིན་ནི་མེ་བྱ་ལོའི་བོད་ཟླ་དང་པོའི་ཚེས་བཅུ་དགུ་ཡིན་ཞིང་། དེ་ཉིན་བོད་ཀྱི་ལོ་ཐོའི་རྩིས་འབྲས་ལྟར་ན། ཞིང་ལས་འདེབས་འཛུགས་ཀྱི་ཚེས་བཟང་འཕེལ་བས་བོད་ཀྱི་ས་གནས་ཁག་གི་ཞིང་ཁུལ་དུ་རྨོད་གཉའ་གཅོག་པའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

          ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་ཤང་དམར་གྲོང་ཚོའི་གྲོང་མིས་རྨོད་གཉའ་གཅོག་པའི་མཛད་སྒོའི་ཐོག་ལྷ་རྒྱལ་འཐེན་ནས་ལོ་གསར་པར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་པ།

          ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ལོ་11ལ་སླེབས་པའི་པད་མ་བདེ་སྐྱིད་འདི་ལོའི་རྨོད་གཉའ་གཅོག་པའི་མཛད་སྒོའི་ཐོག་སོན་ཕུད་གཏོར་མཁན་དང་ཕྱེ་མར་བཀྱག་མཁན་ལ་བདམས་པ།
          ཟས་ནི་མི་ཡི་འཚོ་རྟེན་ཡིན། ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་སྔར་ནས་བཟུང་རྨང་གཞི་བརྟན་གཏོང་དང་དམངས་རྣམས་བདེ་ལ་འཁོད་པར་བྱེད་པའི་རྩ་བ་ཡིན། རང་ལྗོངས་ཀྱི་འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་། ན་ནིང་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་102.7དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི་87.3 ཤ་དང་འོ་མ་ཐོན་ཚད་ཏུན་ཁྲི་68.3ཟིན་པ་སོགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་ཅེས་བསྟན་ཡོད།

          ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་ཚོགས་ཆུང་གསུམ་པས་རྨོད་གཉའ་གཅོག་པའི་མཛད་སྒོ་མཇུག་འགྲིལ་རྗེས་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་བསྒྲེངས་ནས་ཕན་ཚུན་ཆང་བཀྱག་རེས་བྱས་ནས་འཚོ་བ་ཡག་པོ་ཞིག་བསྐྱལ་རྒྱུ་ཡོང་བའི་སྨོན་ལམ་འདེབས་པ།
སྟག་རྩེ་རྫོང་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་གྲོང་མི་རྣམས་དགའ་དགའ་སྤྲོ་སྤྲོས་བདེ་སྐྱིད་ལྡན་པའི་འཚོ་བ་མྱོང་རོལ་བྱེད་པ།
          ཏང་ཀྲུང་དབྱང་གིས་སྔར་ནས་བཟུང“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་པར་ཕན་འདོགས་པ། ཞིང་པ་ཕྱུག་པོ་ཆགས་པ་བྱེད་པ་བཅས་ཀྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་འབྲུ་རིགས་ཐོན་ཚད“ལོ་བདུན་བསྟུད་མར་འཕར་རྒྱུ”མངོན་འགྱུར་ཡོང་བ་བྱེད་པ་དང་། ཞིང་ནང་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མངོན་གསལ་དོད་པོས་བྱེད་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་གྲོང་མིས་ཆང་ཕུད་བཀྱག་ནས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་འདེབས་པ།
ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་བྲག་དཀར་ཞོལ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་རྨོད་གཉའ་གཅོག་པའི་མཛད་སྒོར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བཞིན་པ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716