སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།
སྤེལ་དུས། 2017-03-29   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།

འདི་ནི་ཝུའུ་དབྱིང་ཅེས་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་ཞིང་པ་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བའི་གནས་ཚུལ་ཡིན་པ།

འདི་ནི་ཝུའུ་དབྱིང་ཅེས་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞིར་ཕེབས་ནས་ཐོན་སྐྱེད་བྱེད་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
          ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཅེས་པ་ལྟར་མིག་སྔ་ནི་དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་པའི་འགག་རྩའི་དུས་ཤིག་ཡིན། ཞིང་འབྲོག་མང་ཚོགས་ཀྱི་ས་བོན་སོགས་ཐོན་སྐྱེད་རྒྱུ་ཆ་གྲ་སྒྲིག་ཇི་འདྲ་བྱུང་མིན་དང་། ཏང་གི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་མིན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇི་ལྟར་འགྲོ་ཚུལ་བཅས་མཁྱེན་རྟོགས་གནང་ཆེད། ཟླ་3ཚེས་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་ནང་དང་མུ་ཁ་དང་ཞིང་འབྲོག་ཁོངས་གཏོགས་ཀྱི་ཚན་པར་ཕེབས་ནས་ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་ཁྱད་ལྡན་ཐོན་ལས་སྐོར་དང་འབབ་འཕར་ཕྱུག་འགྱུར་སྐོར་གླེང་གནང་བ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་བྱེད་ཚུལ་བརྟག་ཞིབ་གནང་བ་རེད། ཁོང་གིས་2017ལོའི་ཀྲུང་དབྱང་གི་ཡིག་ཨང་དང་པོའི་བླང་བྱ་གཞིར་བཟུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་བརྟན་ཁྲོད་ཡར་བརྩོན་དང་། ཡག་ཐོག་ཡག་བརྩེགས།
          ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བའི“འཇུག་སྒོ”ཡང་དག་བཙལ་འཚོལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྲིད་གཞུང་གི་དྲུང་ཆེ་ཧྥང་ལིང་མིན་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
          ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞིར་ཞིང་འབྲོག་མང་ཚོགས་ལས་ལ་བྲེལ་བཞིན་ཡོད་ཅིང་། ཝུའུ་དབྱིང་ཅེས་འདྲེ་ཚེར་མ་འདེབས་འཛུགས་དང་ཕྱིར་ཚོང་བྱེད་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་1800ཡོད་པ་དང་དེར་འདྲེ་ཚེར་མ་དམར་པོ་དང་། འདྲེ་ཚེར་མ་ནག་པོ། མཱ་ཁ་བཅས་བཏབས་ནས་ན་ནིང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་450བྱུང་བ་དང་ཚ་རགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་བགོ་འགྲེམ་སྒོར་ཁྲི་197བྱུང་བའི་སྐོར་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་གིས་བོད་དུ་ཉི་འོད་ཕོག་ཡུན་རིང་བ་དང་དྲོད་ཚད་ཧེ་བག་ཆེ་བས་འདྲེ་ཚེར་མའི་འཚོ་བཅུད་ལེགས་པོ་ཡོད། དེར་བརྟེན་ང་ཚོས་སྔོན་དུ་ཚོད་ལྟ་བྱེད་པ་དང་། ཉམས་མྱོང་ཕྱོགས་སྡོམ་བྱེད་པ། རིམ་བཞིན་ཁྱབ་གདལ་གཏོང་བ་བཅས་བྱེད་པ་དང་ལྷག་དོན་དུ་སྤུས་རྟགས་གཏོད་པ་དང་། ཚོང་གཉེར་ཡག་པོ་བྱེད་པ། ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་འདྲེ་ཚེར་མ་འདེབས་ཐུབ་པ་དང་། ཚོང་ཐུབ་པ། ཐོན་འབབ་འཕར་ཐུབ་པ། ཡོང་འབབ་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
          ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་རྒྱུད་བཟང་བཞོན་མ་གསོ་ཚགས་དཔེ་སྟོན་རྟེན་གཞིའི་སྟར་པ་ཆ་སྒྲིག་གི་བ་ཚང་ནང་གཙང་སྦྲ་དོད་པ་དང་བཞོན་མ་གཅིག་ལས་གཅིག་སྟོབས་ཆེ་བ་ཡོད། ཝུའུ་དབྱིང་ཅེས་གཟིགས་སྐོར་གནང་ཞོར་དུ་བཞོན་མ་གསོ་ཚགས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། རྟེན་གཞིའི་འགན་འཁུར་བས་ཚ་རགས་གྲོང་ཚོའི་ཚོགས་ཆུང་གསུམ་པའི་དུད་ཚང་48ཀྱི་ཞིང་འབྲོག་པས་བཞོན་མ་མགོ་གྲངས་170རྟེན་གཞིར་གཅིག་སྡུད་གསོ་ཚགས་དང་ཆེད་ལས་དོ་དམ་བྱེད་པར་སྤྲད་དེ་བཞོན་མ་གསོ་ཚགས་ལས་རིགས་ཀྱི་ཐོན་འབབ་འཕར་བ་དང་། འབྲོག་ལས་ཀྱི་ལས་ཆོད་ཆེ་རུ་ཕྱིན་པ། ཞིང་འབྲོག་པ་འབབ་འཕར་ཡོང་བ་བཅས་བྱུང་སོང་ཞེས་བཤད། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། དེ་ནས་གཟན་རྩྭ་མང་པོ་གསོག་པ་དང་མཁོ་སྤྲོད་གདང་ངེས་ཡོད་པ་གཟིགས་རྗེས་ཝུའུ་དབྱིང་ཅེས་གཟན་རྩྭའི་སྤུས་ཚད་ལ་ཞིབ་ཚགས་ངང་གཟིགས་པ་དང་གཟན་རྩྭའི་རིན་གོང་མཁྱེན་རྟོགས་གནང་བ་རེད། “སྔོ་གཟན་རྒྱ་མ་རེར་རིན་གོང་ག་ཚོད་ཡིན་ནམ། རིན་གོང་གཅོག་ཐུབ་བམ”ཞེས་ཝུའུ་དབྱིང་ཅེས་དྲིས། མཉམ་ལས་ཁང་གི་འགན་འཁུར་བ་སྟོབས་རྒྱལ་གྱིས་སྔོ་གཟན་རྒྱ་མ་རེར་སྒོར་0.65རེད། གཟན་རྩྭ་འདེབས་ཁྱོན་ཆེ་རུ་བཏང་རྗེས་རྒྱ་མ་རེར་སྒོར་0.45བར་གཅོག་ཐུབ་ཅེས་ལན་བཏབ། ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཐོག་འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ་བཅས་ཀྱི་འདེབས་འཛུགས་གྲུབ་ཆ་སྤྱི་འདོམས་ལེགས་སྒྲིག་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཟན་རྩྭ་འདེབས་ཁྱོན་ཆེ་རུ་བཏང་སྟེ་གཟན་རྩྭའི་རིན་གོང་གཅོག་པ་དང་དམངས་ལ་ཕན་པ་བསྐྲུན་དགོས་ཞེས་གསུངས། ཝུའུ་དབྱིང་ཅེས་བཞོན་མ་དཀར་ཁྲ་ནས་འོ་མ་བབས་ཚད་ཉུང་དུ་ཕྱིན་མེད་པར་ཉིན་རེར་ཆ་སྙོམས་འོ་མ་ཐོན་ཚད་རྒྱ་མ་50ཟིན་གྱི་ཡོད་པ་གསན་རྗེས། ཁོང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཚན་རིག་སློབ་གླིང་གིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རྒྱུད་བཟང་མགོ་ཕྱུགས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་ལས་ཐོན་སྐྱེད་ནང་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས། ཝུའུ་དབྱིང་ཅེས་ད་དུང་ནོར་བུ་དང་ཕུར་བུ་བཀྲ་བཟང་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། བསམ་བློ་གཏོང་ས། རེ་འགུག་བྱ་གཞི་བཅས་མཁྱེན་རྟོགས་གནང་ཞིང་། ཕུར་བུ་བཀྲ་བཟང་གིས་ཝུའུ་དབྱིང་ཅེར་ང་ཚོའི་ནང་མི་བཞི་པོར་ན་ནིང་བཞོན་མ་ཁོ་ན་གསོ་ཚགས་བྱས་པ་ལས་ཡོང་འབབ་སྒོར་ཁྲི་13བྱུང་ལ། ད་ལྟའི་འཚོ་བའང་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོའི་ངང་ཁྱེད་ཚོའི་ད་ལྟའི་བདེ་སྐྱིད་འཚོ་བ་དེ་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས་ཁྱེད་ཚོས་བློ་གྲོས་དང་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་གཏོང་ཐད་སྤྱད་དེ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་གསུངས་པ་རེད།
          བརྩོན་འགྲུས་ཅན་ལ་དཔྱིད་ཀ་སྔོན་ནས་ཤར་ཞེས་པ་ལྟར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་གྲོང་མིས་ཞིང་ཁའི་ནང་ཞིང་འཕྲུལ་ཚོད་ལྟ་བྱེད་པ་དང་སྐྱེ་ལྡན་ལུད་གཏོར་བཞིན་ཡོད་ལ། ས་རྒྱ་ཆེ་བའི་ཞིང་ནང་དུ་ངལ་རྩོལ་གྱི་སྤྲོ་སྣང་དང་ལོ་ལེགས་འབྲས་བཟང་འཕྱུར་བའི་་སྨོན་འདུན་བཅངས་ཡོད། ཝུའུ་དབྱིང་ཅེས་དགུན་ནས་ཨང་18པ་ཁྱབ་གདལ་འདེབས་འཛུགས་དང་གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཚན་རིག་ཁང་ཞིང་ལས་སུའོ་ཡི་རིགས་གཅིག་མཁས་ཅན་ཀོན་ཝུའེ་ཤིན་གྱིས་ཝུའུ་དབྱིང་ཅེར་དགུན་ནས་ཨང་18པའི་ཐོན་འབབ་མཐོ་བ་དང་དགུན་སྒྲོལ་ནུས་པ་ཆེ་བ་མ་ཟད། ད་དུང་སོན་ཞིང་ཚང་མ་ཞིང་ལས་ལག་རྩལ་པའི་མཛུབ་ཁྲིད་འོག་གཅིག་གྱུར་སོན་འདེམས་པ་དང་། གཅིག་གྱུར་སོན་འདེབས་པ། གཅིག་གྱུར་དོ་དམ་བཅས་བྱས་ཡོད་པས་སྔོན་དཔག་བྱས་ན་མུའུ་རེ་ནས་འབྲུ་རྒྱ་མ་800ཐོན་རྒྱུ་རེད། ད་ཆ་མང་ཚོགས་ཀྱིས་འབྲུ་སོན་གསར་པར་བརྟེན་ནས་ཐོན་འབབ་མཐོ་རུ་གཏོང་ཆོག་ལ། ས་ཞིང་བརྒྱུད་བཤུག་བྱས་ནས་ཡོང་འབབ་མང་དུའང་གཏོང་ཆོག་པས་ཁོང་ཚོའི་ཧུར་སེམས་ཧ་ཅང་ཆེན་པོ་ཡོད་ཅེས་བཤད། ཝུའུ་དབྱིང་ཅེས་གནས་ཚུལ་དེ་གསན་རྗེས་རྒྱ་ཆེའི་ཞིང་ལས་ཚན་ཞིབ་མི་སྣ་སྡོད་ཐུབ་པ་དང་། སེམས་གནས་ཐུབ་པ། བཟོད་སྒོམ་ཐུབ་པ་བཅས་བྱས་ཏེ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་རྟག་ཏུ་ཞིབ་འཇུག་བྱེད་པར་བསྐྱོད་པ་དང་རང་ཉིད་ཀྱི་དཔྱད་རྩོམ་ལག་ལེན་དངོས་ནས་བསྡུ་རུབ་བྱས་ཏེ་ཞིབ་འཇུག་གི་གྲུབ་འབྲས་དེ་ཁྱིམ་ཚང་མང་པོས་ལོངས་སྤྱོད་ཐུབ་པ་དང་དེ་བས་ལེགས་པའི་སྒོ་ནས“ཞིང་གསུམ”ལས་དོན་ལ་ཞབས་འདེགས་ཞུ་རྒྱུའི་སྐུལ་མ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཚན་ཞིབ་མི་སྣར་སེམས་ཁུར་བྱས་ཏེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས་ཞེས་གསུངས་པ་རེད།
          བརྟག་ཞིབ་གནང་སྐབས་ཝུའུ་དབྱིང་ཅེ་དང་བཅས་པ་ཆུ་ཤུར་རྫོང་གི་འབྲུ་ལས་སྣོན་རྟེན་གཞིར་བསྐྱོད་དེ་འབྲུ་ལེགས་འདེམས་དང་འབྲུ་ཐུམ་རྒྱག་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་དཔྱིད་དུས་ཞིང་འབྲོག་ལས་སྐོར་གྱི་སྙན་ཞུ་གསན་ཞིང་། ད་ཆའི་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐོར་ལ་ཝུའུ་དབྱིང་ཅེས་གཅིག་ནས་ཆོད་སེམས་བརྟན་པོའི་སྒོ་ནས་མ་དངུལ་དེ་བས་མང་བ་གཞི་རིམ་དུ་གཏོང་བ་དང་། ཞིང་འབྲོག་ཁུལ་དུ་གཏོང་བ། ཞིང་འབྲོག་པར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཚན་ཞིབ་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་དང་། ཕ་ཡུལ་དང་ཁ་མི་བྲལ་བར་ལས་ཞུགས། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། མུའུ་རེ་ལས་འབྲུ་ཐོན་ཚད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། འབྲོག་ལས་དང་ལྷག་པར་དུ་འབྲི་གཡག་གསོ་ཚགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་བ། གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་དབང་ཆ་དུད་ཚང་ལ་གཏན་འཁེལ་དང་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་བ། ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་བའི་ཞིང་འབྲོག་ལས་ཀྱི་གོ་ཆོད་ལག་རྩལ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་བ་དང་། དོན་འཁྱོལ་ཞིབ་ཚགས་ཐུབ་པ། ཐབས་ལམ་སྣ་ཚོགས་ཐོག་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་ཐུབ་པ་བཅས་བྱེད་དགོས། གསུམ་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྲུང་སྐྱོང་སྔོན་ལ་བྱེད་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྗང་མདོག་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དཔལ་འབྱོར་སྐྱེ་དངོས་ཀྱི་འདེབས་འཛུགས་གཞི་ཁྱོན་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས“སྣོད་བཅུད་ལས་རིགས”བརྒྱུད་ལྟོ་གོས་ཐག་གཅོད་ཐུབ་པ་དང་། ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ། མཛེས་སྡུག་དང་འཕེལ་རྒྱས་གཉིས་ཁེ་ཡོང་བ་བཅས་བྱེད་དགོས། བཞི་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རང་ཁ་རང་གསོ་དང་དཀའ་སྤྱད་འབད་འབུངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་ནས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། ལྔ་ནས་བྱས་རྗེས་འཇོག་པར་ང་ཙམ་མིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་སྙིང་རུས་བརྟན་འཁྱོངས་དང་རྒྱུན་མཐུད་གཏིང་ཟབ་ཀྱི་སྒོ་ནས་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་མི་བདེན་རྫུན་བཟོ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་དབུལ་སྒྲོལ་ཕན་འབྲས་ལ་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། དྲུག་ནས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ་ལྗོངས་ཡོངས་ཀྱིས་ཞིང་འབྲོག་ལས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716