སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་བ།
སྤེལ་དུས། 2017-04-01   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  
དམངས་ཡོངས་ཀྱིས་སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་པའི་ནན་བཤད་གནང་བ།
བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ་བྱེད་སྒོར་ཞུགས་པ།

          ཟླ་3ཚེས་30ཉིན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཤན་ཁ་གྲོང་ཚོར་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་ཚང་མ་དང་ལྷན་དུ་ཤིང་འཛུགས་བཞིན་པ།
          ཟླ་3ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དམངས་ཡོངས་ཀྱིས་སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་སྲུང་སྐྱོང་། ལོ་ནས་ལོ་བར་དང་མི་རབས་ནས་མི་རབས་བར་ཤིང་བཙུགས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་སྐྲུན་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་སོགས་མཉམ་དུ་རླངས་འཁོར་ལ་བཞུགས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཤན་ཁ་གྲོང་ཚོའི་ཤིང་འཛུགས་བྱ་ཡུལ་དུ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་དང་། དཔུང་སྡེའི་དཔོན་དམག སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་བཅས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ་གངས་ལྗོངས་ས་མཐོར་སླར་ཡང་ལྗང་མདོག་གི་གོས་གསར་བཀླུབས་པ་རེད།
          ཤིང་འཛུགས་བྱ་ཡུལ་དུ་བྲེལ་བས་ཁེངས་ཤིང་། ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་རླངས་འཁོར་ནས་བབས་མ་ཐག་ཐད་ཀར་ཤིང་འཛུགས་བྱ་ཡུལ་དུ་ཕེབས་ནས་ཚང་མ་དང་ལྷན་དུ་ས་རྒྱོང་བ་དང། ས་སྐྱོར་རྒྱག་པ། ཆུ་རྒྱག་པ་བཅས་གནང་བ་རེད། ཝུའུ་དབྱིང་ཅེས་ཤིང་འཛུགས་ཞོར་དུ་ཧའེ་ས་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཚོ་དང་མཉམ་དུ་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཕྲུ་གུ་ཚོར་ཤིང་འཛུགས་བྱེད་སྒོར་ཞུགས་པ་བརྒྱུད་རང་བྱུང་ཁམས་དང་ཉེ་བཅར་དང་། རང་བྱུང་ཁམས་ཤེས་རྟོགས། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་རང་བྱུང་ཁམས་ལ་དགའ་ཞེན་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྣོད་བཅུད་འདུ་ཤེས་སྐྱེད་སྲིང་བྱེད་དགོས་པ་དང་། བྱས་རྗེས་དེང་འདིར་བཞག ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ལྗང་མདོག་ཕུགས་འདུན་གྱི་ས་བོན་བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་གཤིན་པོར་འདེབས་དགོས། སློབ་སྦྱོང་ཡག་པོ་དང་འཇོན་ཐང་ཆེ་རུ་བཏང་ནས་འབྱུང་འགྱུར་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དེ་བས་ལེགས་པ་བྱ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།
          ཤིང་འཛུགས་སྐབས། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ནགས་ལས་ཐིང་དང་ལྷ་ས་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ས་ནས་ལྗོངས་ཡོངས་དང་ལྷ་ས་གྲོང་ཁྱེར་གྱི་ཤིང་འཛུགས་ནགས་བཟོའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”དེ་ཡིན་པས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཞིག་དང་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་གིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཆང་པ་དང་། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་བདེ་འཇགས་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ལ་རྩི་བ། ཐོན་ལས་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་བཟོ་བ། “མཐོ་གསུམ”རྣམ་གྲངས་བོད་དུ་གཏན་འགོག་བྱེད་པ། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་འདུ་འགོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་དང་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་འོས་འགན་ངལ་རྩོལ་དང་ཐོབ་ཆ་ཡོད་པའི་ཞབས་ཞུ་ཟུང་འབྲེལ་གྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཆུ་རྒྱུད་བཅོས་སྐྱོང་དང་། བྱེ་འགོག་བྱེ་བཅོས། ཤིང་འཛུགས་ནགས་གསོ། སྤྱི་ཕན་ཤིང་ནགས་སྲུང་སྐྱོང་བཅས་ལ་ཞུགས་སུ་བཅུག་སྟེ་མང་ཚོགས་ལ་སྣོད་བཅུད་ཀྱི་ཕན་པ་ཐོབ་པ་དང་ཕྱུག་འགྱུར་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས། གསར་སྦོལ་བྱས་པའི་རི་རྒོད་ས་རྒོད་མཉམ་སྡེབ་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་། ནང་སའི་འཇོན་ཐང་དང་ལག་རྩལ་ཡོད་པའི་ནགས་ཚལ་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ནགས་བཟོའི་དུད་ཆེན་ནགས་བཟོ་སྔོ་བསྒྱུར་ལ་ཞུགས་སུ་བཅུག་སྟེ་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཆེ་རུ་གཏོང་དགོས། ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཤིང་སུས་བཙུགས་པ་དེར་ཕན་པ་ཐོབ་པར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ཤིང་འཛུགས་ནགས་བཟོའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྕང་སོན་རིན་མེད་མཁོ་འདོན་བྱས་ཏེ་མང་ཚོགས་ལ་ཁང་པའི་རྒྱབ་མདུན་ཚང་མར་ལྗོན་ཤིང་འཛུགས་རྒྱུར་ལྕག་སྐུལ་བྱས་ནས་ཆ་རྐྱེན་འཛོམས་པའི་ས་ཆར་རིམ་བཞིན“ཤིང་སྡོང་མེད་པའི་དུད་ཚང”མི་ལྷག་པ་བྱེད་དགོས། རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བྱས་རྗེས་ཡོད་ཀྱང་ལས་ཡུས་མི་ཤོད་པའི་བསམ་བློ་བརྟན་པོ་བཅངས་ཏེ་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གྱིས་སྣེ་ཁྲིད་དེ་ཤིང་འཛུགས་བྱེད་སྒོར་ཞུགས་པ་དང་མང་ཚོགས་སྐུལ་ཁྲིད་དང་སྒྲིག་འཛུགས་ཀྱིས་སྣོད་བཅུད་འཛུགས་སྐྱོང་སྣ་ཚོགས་ལ་ཞུགས་ཏེ་མང་ཚོགས་ལ་སྣོད་བཅུད་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། སྒྲིག་སྲོལ་ལམ་སྲོལ་བཙུགས་ཏེ་ཤིང་འཛུགས་ནགས་བཟོ་དང་སྣོད་བཅུད་འཛུགས་སྐྱོང་གཉིས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་མ་ལག་ནང་བཅུག་ནས་འགན་འཁྲི་ལྕི་པོ་དང་སྟོན་ཕྱོགས་གསལ་པོས་སྣོད་བཅུད་འཛུགས་སྐྱོང་གི་འགན་འཁྲི་དོན་ལ་འཁྱོལ་རྒྱུར་ལྟ་སྐུལ་བྱས་ཏེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་དེ་བས་མཛེས་སྡུག་ལྡན་པ་ཞིག་སྐྲུན་དགོས་པ་དང་གངས་ལྗོངས་ས་མཐོའི་ནམ་མཁའ་གཡའ་དག་པ་དང་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས་པར་བྱེད་དགོས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716