སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ།
སྤེལ་དུས། 2017-04-05   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།

          ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཧེར་སིན་ཁིར་ཕེབས་ནས། ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད་པ་རེད།
          ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧྥིན་ལན་གྱི་མཁའ་ཁོངས་སུ་འབྱོར་སྐབས། ཧྥིན་ལན་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་ཕེབས་བསུར་བཅར་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་55ཡི་ཐོག ཆེད་གཏོང་གནམ་གྲུ་ཧེར་སིན་ཁིའི་དབན་ཐ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད། ཞིས་ཅིན་ཕིང་དང་ཁོང་གི་སྐུ་ཟླ་ཕེང་ལིས་ཡོན་རྣམ་གཉིས་དལ་པོའི་ངང་གནམ་གྲུའི་སྒོ་ནས་ཕྱིར་ཕེབས་ཡོད་པ་དང་། ཧྥིན་ལན་སྲིད་གཞུང་གི་འཐུས་མི། ཞིང་ལས་དང་ཁོར་ཡུག་པུའུ་ཀྲང་ཏི་ལིས་གའེ་ཉིང་སོགས་ཀྱིས་གནམ་གྲུའི་སྐས་འཛེགས་ཀྱི་འགྲམ་དུ་ཕེབས་ནས་སྤྲོ་སེམས་ཆེན་པོས་ཕེབས་བསུ་ཞུས་ཡོད་པ་རེད།
          ཞིས་ཅིན་ཕིང་གིས་ཧྥིན་ལན་རང་བཙན་བྱུང་ནས་ལོ་ངོ་100འཁོར་བར་ཧྥིན་ལན་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་ཡོད་པ་རེད། ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ཧྥིན་ལན་བར་མ་གཞི་རི་ཆུ་སྟོང་གི་བར་ཐག་ཆོད་ཡོད་ཀྱང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་མཛའ་གྲོགས་ལྡན་ཡོད། ཧྥིན་ལན་ནི་ཀྲུང་གོ་གསར་པ་ཁས་ལེན་སྔ་ཤོས་དང་ཀྲུང་གོ་གསར་པའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཡིན་ལ། ཀྲུང་གོ་གསར་པའི་བར་སྲིད་གཞུང་བར་གྱི་ཉོ་ཚོང་གྲོས་ཆོད་ལ་མིང་རྟགས་བཀོད་མཁན་གྱི་ནུབ་ཕྱོགས་རྒྱལ་ཁབ་དང་པོ་དེ་ཡང་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་67སོང་རིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་བ་གང་འདྲ་ཕྱིན་རུང་། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་ཕྱིན་ཡོད། ཉེ་ལམ་ལོ་ཤས་རིང་། ཀྲུང་གོ་དང་ཧྥིན་ལན་གྱི་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། མིག་སྔར། ཕྱོགས་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་པའི་འབྲེལ་བ་གསར་པ་ཧུར་བརྩོན་ཆེན་པོས་འཛུགས་བཞིན་པ་དང་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བར་གོང་འཕེལ་གྱི་གོ་སྐབས་གསར་པ་འཕྲད་ཡོད། ངས་ཧྥིན་ལན་གྱི་འགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་ཞུ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་གྱི་འཆར་གཞི་འགོད་རྒྱུའི་རེ་འགུག་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
          ཝང་ཧུའུ་ཉིང་དང་། དབང་ཡང་། ལིས་ཀྲའན་ཧྲུའུ། ཡང་ཅེ་ཁྲི་སོགས་ཕེབས་རོགས་མི་སྣ་ཡང་གནམ་གྲུ་གཅིག་གི་ནང་མཉམ་དུ་འབྱོར་ཡོད་པ་རེད།

          ཧྥིན་ལན་ལ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་གྲེན་ལིས་ཀྱང་གནམ་གྲུ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
          ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་རྗེས། ཞིས་ཅིན་ཕིང་ད་དུང་ཨ་རིའི་ཧྥུ་ལོ་ལི་ཏ་མངའ་སྡེའི་ཧའེ་ཧུའུ་གཞིས་ཀར་ཕེབས་ནས་ཀྲུང་གོ་དང་ཨ་རིའི་འགོ་གཙོའི་གྲོས་མོལ་ཐེངས་དང་པོ་གནང་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716