སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འབད་འཐབ་ཁྲོད་ནས་ལང་ཚོའི་འོད་མདངས་འཕྲོ།
སྤེལ་དུས། 2017-05-09   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
—— ལྷ་རྩེ་རྫོང་གི་སློབ་གྲྭ་ཆེ་མོ་བ་ཚེ་གཡང་གི་ལས་གཏོད་གཏམ་རྒྱུད་ཁག་གསུམ་པ།
འདི་ནི་ཚེ་གཡང(གཡོན་གྱི་གསུམ་པ)གིས་སློབ་གྲྭ་ཆེ་མོ་བ་ཚོ་དང་མཉམ་དུ་མཉམ་ལས་ཁང་གི་འགྲེམས་ཁང་ནང་ཐོན་རྫས་ཀྱི་སྤུས་ཚད་དང་བཟོ་ལྟར་ཞིབ་འཇུག་བྱེད་པའི་གནས་ཚུལ་ཡིན་པ།
          ལྷ་རྩེ་རྫོང་ཐོན་ལས་དབུལ་སྐྱོར་གླིང་དུ་ཚེ་གཡང་གིས་ས་ཆ་ཡུག་གཅིག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར་འདི་ལོ་ནི་ཁེ་ལས་འཕེལ་རྒྱས་གཏོང་བའི་དུས་ཚོད་གལ་ཆེན་ཞིག་རེད། རང་ཉིད་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཐོན་ལས་གླིང་དུ་བཟོ་གྲྭ་ཞིག་སླར་ཡང་བསྐྲུན་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱ་རྒྱུ་ཡིན་ལ། སློབ་གྲྭ་ཆེ་མོ་བ་སྔར་བས་མང་བ་ཞིག་དང་མཉམ་དུ་ལས་གཏོད་ཕུགས་འདུན་མངོན་འགྱུར་ཡོང་བའི་སྣེ་ཁྲིད་ཀྱང་བྱ་རྒྱུ་ཡིན་ཞེས་བཤད།
          སྤུས་རྟགས་ལ་བརྟེན་ནས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ།
          2014ལོ་ཚུན་དུ་གཞིས་ཆེན་ཤང་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དེ་མེད་པ་ནས་ཡོད་པའི་བར་དང་། ཆེ་བ་ནས་ཆུང་བའི་བར་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་ཞིག་བརྒྱུད་ཡོད།
          ད་ཆ་འགོ་འཛུགས་ས་གསར་པའི་ཐོག་གི་བལ་ཐོན་རྫས་ཆེད་ལས་མཉམ་ལས་ཁང་ལ་སོ་སོའི་དོན་གཉེར་སྔར་བས་ཆེ་བ་ཞིག་ཡོད་པ་སྟེ། བོད་ཀྱི་གྲགས་ཅན་ཚོང་རྟགས་གཏོད་པ་དང་ཐོན་ལས་ཀྱི་ཟུར་བསྣན་རིན་ཐང་ཆེ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བའི་སྣེ་ཁྲིད་བྱ་རྒྱུ་དེ་རེད། 2014ལོར། ཁོང་ཕྱིར་ལས་སྒོ་གཉེར་བར་འགྲོ་ཐེངས་ཤིག་ལ་བོད་ཆས་ཚོང་ཁང་ཞིག་དང་ཚོང་ཆེན་པོ་ཞིག་འགྲིག་པ་དང་། དགའ་སྤྲོ་རབ་ཏུ་འཁོལ་བའི་ཚེ་གཡང་གི་བསམ་པར་ད་ནི་མཉམ་ལས་ཁང་ཟླ་བ་ཁ་ཤས་བྲེལ་བ་ཆེན་པོ་ཡོང་རྒྱུ་ཡིན་པ་བསམ་བློར་འཁོར། འོན་ཀྱང་བོད་ཆས་ཚོང་ཁང་དེས་ཉོ་སྒྲུབ་བྱས་པའི་ཐོན་རྫས་ཚང་མར་ཚོང་ཁང་དེའི་ཚོང་རྟགས་བཀོད་ནས་བྲིན་ཚོང་བྱ་རྒྱུའི་རེ་བ་བཏོན།
          སྦྱིན་བདག་དེའི་རེ་བ་ཉན་རྗེས་ཚེ་གཡང་སེམས་མ་སྐྱིད་པར་གྱུར་ནས་སོ་སོའི་ཕྲུ་གུ་མི་གཞན་གྱིས་འཕྲོག་པ་དང་གཉིས་སུ་མ་མཆིས་པའི་སྣང་བ་བྱུང་།
          ཚེ་གཡང་གིས་ང་ཚོར་ད་ཆ་མཉམ་ལས་ཁང་འཕེལ་རྒྱས་ཆེན་པོ་ཕྱིན་ཡང་ཁེ་ལས་དེ་ཉིད་ཁྲོམ་རའི་ཐོག་དངོས་སུ་སྐྱོད་ཐུབ་མེད་པས། ཤུགས་རྐྱེན་ལྡན་པའི་སྤུས་རྟགས་བཏོད་ཡོད་ཅེས་ཤོད་རིན་མེད་ཅེས་བཤད།
          ལོ་གསུམ་རིང་མཉམ་ལས་ཁང་གི་ཐོན་རྫས་ཀྱི་སྤུས་ཚད་ཡག་པ་དང་ལག་ཤེས་ཁོ་ནར་བརྟེན་ནས་བཟོས་པ་ཞིག་ཡིན་སྟབས། ཐོན་རྫས་མི་ཉུང་བ་ཞིག་ཧྲང་ཧའེ་དང་ཧྲན་ཏུང་དང་། ཐ་ན་རྒྱལ་མཚམས་སྒྲོལ་ནས་ཐུར་ཁེར་བྲིན་ཚོང་བྱེད་ཀྱི་ཡོད་པ་དང་། མང་ཆེ་བ་ནི་མི་གཞན་ལ་ཚབ་བཟོ་བྱེད་ཀྱི་ཡོད།
          ལོ་གསུམ་རིང་མཉམ་ལས་ཁང་གི་ཐོན་རྫས་ཀྱིས་གཞིས་རྩེའི་ཁྲོམ་ར་ངེས་ཅན་ཞིག་བཟུང་ཡོད། འོན་ཀྱང་དེར་རང་ཉིད་ལ་དབང་བའི་སྤུས་རྟགས་མེད་སྟབས། ད་བར་མི་གཞན་གྱི་ཚོང་རྟགས་སྦྱར་ནས་ཐོན་སྐྱེད་བྱེད་རོགས་བྱེད་ཀྱི་ཡོད།
          ལོ་གསུམ་རིང་མཉམ་ལས་ཁང་དེས་མིང་ལ་ཅེ་ཅེ་ཅེས་པའི་རང་ཉིད་ཀྱི་སྤུས་རྟགས་ཤིག་བཏོད། ཁེ་ལས་འཚོ་གནས་ཀྱི་གནོན་ཤུགས་ཆེ་རྐྱེན་ད་བར་ཤུགས་རྐྱེན་དེ་ཙམ་ཆེན་པོ་ལྡན་མེད།
          བོད་ལྗོངས་སློབ་ཆེན་འགྲིམ་པའི་སྐབས་སུ་ཁྲོམ་རའི་བྲིན་ཚོང་དགེ་རྒན་གྱིས“སྤུས་རྟགས་ནི་གཟུགས་མེད་ཀྱི་ཐོན་རྫས་ཤིག་རེད། དེར་ཁྲོམ་རའི་གསར་གཏོད་ནུས་པ་དང་། རིག་གནས་ཀྱི་ངོ་བོ་ཉིད་ཀྱི་ནུས་པ། མཚན་སྙན་ཁྱབ་འགྱེད་ནུས་པ། རྒྱུ་ནོར་རྒྱ་སྐྱེད་ནུས་པ། ཁྲོམ་རར་མངོན་པའི་འཆར་ཅན་མིན་པའི་ཁེ་སྤོགས་གཙང་ལོན་ནུས་པ་བཅས་ལྡན་ཡོད”ཅེས་གསུང་མྱོང་ཡོད། བཀའ་མོལ་དེ་ཚེ་གཡང་གི་སེམས་སུ་གཏིང་ཟབ་ཟུག་ནས་གོ་མེད་ཚོར་མེད་ངང་སྤུས་རྟགས་གཏོད་པའི་ཐད་ལ་འབད་བརྩོན་བྱས།
          2014ལོར་མཉམ་ལས་ཁང་བཙུགས་ཚུན། ཁེ་ལས་འཕེལ་རྒྱས་ལ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་ཁག་བདུན་པའི་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཚེ་གཡང་གིས་ཧྲང་ཧའེ་ཡི་ཀུང་སི་གཉིས་དང་མཉམ་ལས་བྱས་ཏེ་སྒོར་ཁྲི་120ལྷག་ཙམ་ཟིན་པའི་གན་རྒྱ་ཞིག་བཞག
          2017ལོའི་ཟླ་3ཚེས་27ཉིན། ཚེ་གཡང་གིས་བོད་ཀྱི་མ་རྒན་མི་རིགས་རིག་གནས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་མ་དངུལ་སྒོར་ཁྲི་300ཐོ་འགོད་བྱས་ནས་ཚོང་རྟགས་ཀྱི་མིང་ལ“ཇོ་མོ་གླང་མའི་མ་རྒན”ཞེས་བཏགས།
          དེ་ཙམ་མ་ཟད། ཚེ་གཡང་གིས་སོ་སོའི་སློབ་གྲྭ་ཆེ་མོ་བའི་ཚོགས་པ་དང་མཉམ་དུ་དྲ་ཐོག་གི་བྲིན་ཚོང་ལས་སྟེགས“མ་རྒན་དྲ་ཐོག་ཚོང་ཁང”གྲབས་འཛུགས་བྱས་པ་དང་། སློབ་གྲྭ་ཆེ་མོ་བ་བློ་བཟང་བསྟན་རྒོད་ནི་དེའི་འགན་ཁུར་བ་རེད། དྲ་ཐོག་ཚོང་ཁང་གི་ལས་སྟེགས་བསྐྲུན་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་ཁོང་གིས་གསར་འགོད་པར་འདི་ལོའི་ཟླ་5པར་དྲ་ཐོག་བྲིན་ཚོང་ལས་སྟེགས་ནས་ཚོང་རྒྱག་པའི་ཚོད་ལྟ་བྱས་པ་དང་དེ་རྗེས་དངོས་སུ་གཉེར་སྐྱོང་བྱས་པ་ཡིན་ཞེས་བཤད།
          ཚེ་གཡང་གིས་ཁོང་དང་སོ་སོའི་སློབ་གྲྭ་ཆེ་མོ་བའི་ཚོགས་པས་དེའི་ཐད་ལ་ཇུས་འགོད་བྱས་དང་བྱེད་བཞིན་ཡོད། དྲ་ཐོག་བྲིན་ཚོང་ལས་སྟེགས་ལ་བརྟེན་ནས་གོ་སྐབས་བཙལ་ཏེ་དྲ་ཐོག་གོང་བཅག་ནས་བྲིན་སྐུལ་གྱིས“ཇོ་མོ་གླང་མའི་མ་རྒན”ཞེས་པའི་ཚོང་རྟགས་ཀྱི་སྙན་གྲགས་ཆེ་རུ་གཏོང་བའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་ང་ཚོར་བཤད་བྱུང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716