སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེར་དང་མཇལ་འཛོམས་གནང་བ།
སྤེལ་དུས། 2017-06-16   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  དོན་གྲུབ་ཀྱིས་བསྒྱུར།

ཟླ་6ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེར་དང་མཇལ་འཛོམས་གནང་བ།
          པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེར་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ལུ་རྒྱལ་ཁབ་གཉིས་པོའི་དབར་གྱི་སྤེལ་རེས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་། ཕྱོགས་གཉིས་པོས་ལྷག་བསམ་དག་པའི་མཛའ་བཤེས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་ཡོ་རོབ་མནའ་འབྲེལ་ནང་གི་མཉམ་ལས་རོགས་ཟླ་གལ་ཆེན་ལ་བརྩི་ཡི་ཡོད་པས། པུ་ཙེམ་པོག་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཡུན་རིང་བརྟན་ལྷིང་དང་གསོན་ཤུགས་ལྡན་པའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་ཀྲུང་ལུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་བརྩི་འཇོག་བྱེད་རེས་མཐའ་འཁྱོངས་ཀྱིས་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་གལ་ཆེའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རོགས་སྐྱོར་བྱེད་རེས་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྟངས་འཛིན་བྱེད་དགོས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་། ལེགས་ཆ་རྒྱ་སྐྱེད། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ཏེ་དངུལ་རྩ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་མཁའ་འགྲུལ་སྐྱེལ་འདྲེན་དང་། མཐོ་གསར་ལག་རྩལ། ལྗང་མདོག་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་ཇེ་མགྱོགས་སུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྒྲོམ་གཞིའི་ནང་དངུལ་རྩ་དང་ཐོན་ནུས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲེང་ཀྲོའུ་ནས་ལུ་ཙེམ་པོག་བར་གྱི“མཁའ་ཐོག་དར་གོས་ལམ་བུ”གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རིག་གནས་དང་། སློབ་གསོ། ལུས་རྩལ་སོགས་མི་ཆོས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མི་སྣ་འགྲོ་འོང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལུ་ཙེམ་པོག་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་བཏོན་ནས། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་ཡོའི་མཉམ་ལས་ལ་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་སྤེལ་གཏོང་ཕྱིར་དེ་བས་མང་བའི་ཆ་རྐྱེན་མཁོ་འདོན་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།
          པེ་ཐེར་གྱིས། ལུ་ཀྲུང་རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་བཙུགས་ནས་ལོ་45སོང་ཚུན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། འགྲིམ་འགྲུལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། ད་རེས་ང་རང་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ལུ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་རང་བཞིན་ཆེ་བས། ལུ་ཙེམ་པོག་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཕན་ཚུན་སློབ་སྦྱོང་གིས་ཕྱོགས་གཉིས་པོའི་དངུལ་རྩ་དང་། མ་འཇོག ཚན་རྩལ། ཡུལ་སྐོར། མི་ཆོས་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་རྒྱ་སྐྱེད་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན། ལུ་ཙེམ་པོག་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་དབར་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། དོན་དེའི་སླད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716