སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ནས་ལྗོངས་ཡོངས་ཀྱི་པུའུ་ཀྲང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བཞི་བཤད་བཞི་དགའ་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས།
སྤེལ་དུས། 2017-07-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་༧པའི་ཚེས་༩ཉིན་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཞུགས་མོལ་ཚོགས་འདུ་ལྷ་ས་ནས་འཚོགས། དེ་ཡང་ལྗོངས་ཡོངས་ཀྱི་ཁུལ་བདུན་ནས་སླེབས་པའི་ལྗོངས་དང་རྫོང་གི་འཐུས་ཚབ་པ། གྲོང་དང་གྲོང་བརྡལ་སློབ་གྲྭ་སོགས་ནས་སླེབས་པའི་འཐུས་ཚབ་པ་རྣམས་ཀྱིས་རང་གི་སྐབས་བཅུ་དགུ་པའི་སློབ་གསོ་ལག་ལེན་བྱ་འགུལ་རྩ་འཛུགས་པས་བསམ་བློ་བརྗེ་རེས་ཚོགས་འདུ་འཚོགས་པ་ལ་སྤྲོ་བ་འབུམ་གྱིས་བསུས། བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ལགས་སོགས་བཞུགས་མོལ་ཚོགས་འདུར་ཞུགས།
ཟླ་༧པའི་ཚེས་༩ཉིན་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཞུགས་མོལ་ཚོགས་འདུ་ལྷ་ས་ནས་འཚོགས།
          མཚམས་སྦྱོར་གནང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལྟར་“ཏང་གི་མནའ་གན་ཡང་བསྐྱར་དྲན་པ”ཞེས་པ་དང་། “གསར་འགྱུར་མཉམ་བསྒྲགས་གྲྭ་ཤག་ནས་བལྟ་བ”སོགས་བརྗོད་དོན་བཅུ་དགུའི་བྱ་འགུལ་རྨང་གཞིའི་སྟེང་།  “ཞི་ཅིང་ཕེན་གྱི་གཏམ་བཤད་གཙོ་བོ་༡༠༠ཡི་སློབ་སྦྱོང་འགྲན་བསྡུར”དང་། “ཚན་རིག་ཤེས་བྱ་དགོན་སྡེར་བསྒྲགས་པ།” “ཁྱིམ་ཚང་མཛེས་ཤོས་འདེམ་པ།”“སྐྱེ་ཁམས་རིག་གནས་ལྷ་སའི་ན་གཞོན་ཁྲོད་དུ་བསྒྲགས་པ”སོགས་རྣམ་གྲངས་༡༤ཡི་ལག་ལེན་བྱ་འགུལ་སྤེལ། ཞི་ཅིང་ཕེན་ལགས་ཀྱི་གཏམ་བཤད་བརྗོད་དོན་མི་འདྲ་བར་གཞིགས་ནས་ཞིང་འབྲོག་མང་ཚོགས་ཀྱི་པར་གཞི་དང་། དགོན་སྡེའི་གྲྭ་བཙུན་གྱི་པར་གཞི། ན་ཆུང་སློབ་མའི་པར་གཞི། ཁེ་ལས་བཟོ་པའི་པར་གཞི་སོགས་དྲིལ་བསྒྲགས་ཀྱི་གཞུང་ལུགས་རྒྱུ་ཆ་སྣ་ཚོགས་རྩོམ་སྒྲིག་བྱས།
རྟ་དམག་གྲོང་ཚོའི་སྡེ་མིས་ཁང་པ་གསར་པའི་མདུན་དུ་ཕྲུ་གུ་པང་དུ་ལེན་པའི་ཚུལ།
          གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྲོལ་རྒྱུན་མཐོང་ཞིང་སྲོལ་རྒྱུན་སྔོག་འདོན། སྲོལ་རྒྱུན་དྲིལ་སྒྲོག་བཅས་བརྗོད་གཞི་སློབ་གསོའི་བྱ་འགུལ་གྱི་ཐབས་ཤེས་གཙོ་བོ་བཟུང་སྟེ། སྔ་གཞུག་ཏུ་དཔལ་སྣང་རྫོང་དྲོད་ཁང་སྔོ་ཚལ་འདེབས་འཛུགས་ཁུལ་དང་། ལྷ་རྩེ་རྫོང་གི་བུད་མེད་སློབ་ཆེན་པ་ཚེ་གཡང་གི་ཁེ་ལས་གཏོད་པའི་གཏམ་རྒྱུད། རིན་སྤུངས་རྫོང་ཆེ་བ་ཤང་གི་མི་རིགས་མཐུན་སྒྲིལ། གམ་པ་རྫོང་གི་ལུང་ཀྲུང་ཤང་སྟེང་དཀར་གྲོང་ཚོའི་རྒྱ་བོད་ཁྱིམ་གཅིག་འདུ་ཞེས་པའི་དོན་དངོས་གཏམ་རྒྱུད། གམ་པ་རྫོང་གི་འབྲུག་དཀར་ཤང་གིས་རིན་ཆེན་སྣ་ལྔའི་གླུ་དབྱངས། གྲོ་མོ་རྫོང་གི་རས་ཆུང་པོ་ཏོ་དགོན་པས་སྤྱི་ཁྱབ་ཞི་ཅིང་ཕེན་ལགས་ལ་ལྡེབས་རིས་བྲིས་པའི་གཏམ་རྒྱུད་བཅས་དྲིལ་བསྒྲགས་བྱས་པ་དང་། སྐྱི་གྲོང་རྫོང་གི་རྟ་དམག་གྲོང་ཚོའི་«རྟ་དམག་འཚོ་བ་གསར་པའི་བསྟོད་གླུ»ཞེས་པ་སོགས་ཀྱི་བྱ་སྤྱོད་ཀྱང་དྲིལ་བསྒྲགས་བྱས། སྐྱིད་གྲོང་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་གསར་འགོད་པར་གསུངས་དོན། སྐྱིད་གྲོང་རྫོང་གིས་རྣམ་གྲངས་ལྔ་ཡི་སློབ་གསོ་མཐོར་འདེགས་གཏོང་བ་དང་། རྣམ་གྲངས་ལྔ་ཡི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་བྱ་འགུལ་གྱི་རྨང་གཞིའི་སྟེང་ནས་བསྡུར་བ་ལྔ་སྟེ། ཁུལ་གྱི་གནའ་དེང་བསྡུར་བ། ཁུལ་གྱི་ཕྱི་ནང་བསྡུར་བ། བཞི་པའི་ཉེར་ལྔའི་ས་འགུལ་གྱི་སྔ་རྗེས་བསྡུར་བ། རི་བོའི་ཕར་མཐའ་ཚུར་མཐའི་བསྡུར་བ། མཐའ་བ་དང་མཐའ་བ་མ་ཡིན་པ་བསྡུར་བ་བཅས་བྱས་ནས། མང་ཚོགས་ཀྱི་ཉེ་འགྲམ་གྱི་འགྱུར་ལྡོག་གླེང་དུ་བཅུག་ཅིང་ཏང་གི་བྱ་འགུལ་ལ་བཀའ་དྲིན་བྱ་རུ་བཅུག དེ་ཡང་སྐྱིད་གྲོང་གི་ཁྱད་ཆོས་ལ་གཞིགས་ནས་བྱ་འགུལ་གྱི་གསོན་ཤུགས་ཆེ་རུ་བསྐྱེད། སྙེ་ལམ་རྫོང་གི་འགྲམ་གྲོང་བརྡལ་གྱི་ལི་ཤིན་སྡོད་དམངས་ཨུ་ལྷན་གྱི་མང་ཚོགས་ཚེ་རིང་གིས་བཤད་རྒྱུར། བཞི་པའི་ཉེར་ལྔའི་ས་འགུལ་གྱི་རྗེས་སུ་ང་ཚོར་གནས་འདིར་སྤོས་པཡིན་ལ། འཚོ་བའི་ངོས་ནས་དོན་གཞན་གང་ལའང་སེམས་ཁྲལ་བྱེད་མི་དགོས། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་དྲིན་ཏེ། བློ་མཐུན་ཞི་ཅིང་ཕེན་གཙོར་བྱས་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་རྣམས་ཀྱིས་ཐུགས་ཁྲལ་གནང་བའི་རྒྱུན་མཚན་ཡིན། ང་ཚོས་ལྟེ་བ་འདི་ལ་སྲུང་སྐྱོབ་དང་། ཡིད་ཆེས། བློ་དཀར་བཅས་བྱ་ངེས་ཡིན་ཞེས་བཤད།
 
          ལྷོ་ཁའི་འཕྱོངས་རྒྱས་རྫོང་གི་ཆོས་ལུགས་ཁྱབ་ཁོངས་ནས་བཞི་བཤད་བཞི་དགའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་ནི། ཞི་ཅིང་ཕེན་གཙོ་བོར་བྱས་པའི་ཏང་ཀྲུང་དབྱང་གིས་མཐའ་ཁུལ་བཅོས་སྐྱོང་ལ་བོད་ལྗོངས་གཏན་བརླིང་གཙོ་བའི་བྱེད་ཕྱོགས་གལ་ཆེན་ལྟར་བསྒྲུབས་པ་ཞིག་ཡིན་ལ། བོད་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་དང་སྲ་བརྟན་འགྱུར་མེད་ཀྱི་རྨང་གཞི་ཞིག་ཀྱང་ཅི་ལ་མིན་ཏེ། དེ་ཡང་ཁུལ་ཏང་ཨུས་དུས་རབས་ཀྱི་དགོས་མཁོ་རྟོགས་ཤིང་ཕྱོགས་ཡོངས་ལ་བཀོད་འདོམས་ཀྱིས་ཁེབས་པ། མ་འོངས་པའི་འཕེལ་ཕྱོགས་ལ་བསམ་བློ་བཏང་བའི་བྱ་བ་གལ་ཆེན་ཞིག་ཡིན། ཁོང་གིས་ནན་གྱིས་བསྟན་དོན། བཀོད་སྒྲིག་ཉུང་ཡང་ལག་ལེན་མང་པའི་དཔེ་བཞིན་གནད་འགག་ནི་ལག་ལེན་གཙོ། དྲིལ་བསྒྲགས་སློབ་གསོའི་སྐབས་སུ་བརྗོད་གཞི་མི་འགྱུར་ཞིང་། ནང་དོན་མི་ཕྲི་བ། གོ་རིམ་མི་འཆོལ་བ། རེ་འདུན་མི་ཉོམ་པ། བྱ་འགུལ་གནད་འཁེལ་བ། གཏམ་བཤད་རེ་རེ་དང་འབྲེལ་ཡོད་ལག་ལེན་བྱ་འགུལ་སོགས་མཉམ་འབྲེལ་དམ་པོར་གནང་དགོས་ཞེས་ཞུས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716