སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2017ལོའི་བོད་ལྗོངས་ཀྱི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཟླ8པའི་ཟླ་དཀྱིལ་དུ་བསྡུ་རྒྱུ་རེད།
སྤེལ་དུས། 2017-08-03   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།

          ཚེས31ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། 2017ལོའི་བོད་ལྗོངས་ཀྱི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ཟླ8པའི་ཚེས10ཉིན་ནས་ཚེས14བར་ནག་ཆུ་ས་ཁུལ་དུ་བསྡུ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ནི་ལུས་རྩལ་དང་། རིག་གནས། ཡུལ་སྐོར། དམངས་སྲོལ་སོགས་གཞི་གཅིག་ཏུ་དྲིལ་བ་ཞིག་ཡིན་ལ། ནག་ཆུ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྐྱེ་སྟོབས་ཉམས་འགྱུར་ངོམས་པའི་སྲོལ་རྒྱུན་རྒྱས་འཛོམས་ཞིག་ཀྱང་ཡིན།

          ནག་ཆུ་ས་ཁུལ་ས་གནས་ཏང་ཨུའི་ཨུ་ཡོན་དང་། སྲིད་འཛིན་ཀུང་ཧྲུའུ་རྒྱུན་ལས་ཀྲོན་ཡོན་ཀུའུ་ཀྲའོ་ཝུན་གྱིས་སྐབས་འདིའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནི“ཁྱད་མཚར་བའི་བྱང་ཐང་དང་། མཛེས་སྡུག་ལྡན་པའི་ནག་ཆུ”ཞེས་པ་བརྗོད་གཞི་ཡིན་ལ། སྒྱུ་རྩལ་དུས་ཆེན་རིང་ཕུལ་བྱུང་རིག་གནས་འགྲེམ་འཁྲབ་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། དངོས་ཟོག་བརྗེ་རེས། ཞིང་ཕྱུགས་ལག་རྩལ་ཐོན་རྫས་བཀྲམ་འཚོང་། ཚོང་འགུགས་དངུལ་འདྲེན། ཡུལ་སྐོར་ངོ་འཕྲད། ཉོ་ཚོང་གྲོས་མཐུན། ཡིད་དབང་འཕྲོག་པའི་དབྱར་རྩྭ་དགུན་འབུའི་དུས་ཆེན་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས། བྱང་ཐང་རྩྭ་ཐང་གི་ཁྱད་ལྡན་ཡུལ་སྲོལ་གོམས་འདྲིས་དང་དམངས་སྲོལ་རིག་གནས་འཐུས་ཚང་སྒོས་ངོམས་རྒྱུ་ཡིན་ཟེར།

          བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་བསྡུ་བའི་དུས་ཚོད་སྤྱིར་བཏང་དུ་ཟླ་བརྒྱད་པའི་ནང་ཡིན་ལ། དེ་ནག་ཆུ་ས་ཁུལ་གྱི་ཟོང་རྟགས་བྱ་འགུལ་གཅིག་གྲས་སུ་གྱུར་ཡོད། རྟ་རྒྱུག་དུས་ཆེན་གྱི་ལོ་རྒྱུས་དུས་ཡུན་རིང་ལ2007ལོར་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ནང་ཚུད།

          གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྟ་རྩལ་ལུས་རྩལ་བོད་ལྗོངས་སུ་ཅུང་ཡོངས་ཁྱབ་ཏུ་དར་ཡོད་ལ། གཞིས་ཀ་རྩེ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་ས་ཁུལ་སོགས་སུ་གཞི་ཁྱོན་མི་འདྲ་བའི་རྟ་རྒྱུག་བྱ་འགུལ་ཡོད། དེ་དང་ཆབས་ཅིག་ཏུ་བོད་རང་སྐྱོང་ལྗོངས་ཀྱིས་མི་རིགས་ལུས་རྩལ་ཧུར་ཐག་སྒོས་སྔོག་འདོན་དང་ལེགས་སྒྲིག་བྱས་ཏེ། བོད་ཀྱི་མིག་མངས་དང་། མདའ་རྩལ། ཤེད་འགྲན་པ། བོད་ལུགས་ཀྱི་ཐག་འཐེན་སོགས་སྲོལ་རྒྱུན་ལུས་རྩལ་སྣ་ཚོགས་ཁྱབ་གདལ་དུ་གཏོང་བཞིན་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716