སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་ས་ཡོམ་རོགས་སྐྱོར་མཁའ་འགྲུལ་གནམ་གྲུ་ཐོག་མས་མི་༡༢༧ཁྲིད་ནས་བདེ་བླག་ངང་ཁྲིན་ཏུའུ་རུ་སླེབས།
སྤེལ་དུས། 2017-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།

གཟི་ཚ་སྡེ་དགུའི་ཧུང་ལུང་གནམ་གྲུ་ཐང་། བོད་ལྗོངས་མཁའ་འགྲུལ་གྱིས་པར་རིས་མཁོ་འདོན་གནང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ་༨པའི་ཚེས་༨ཉིན་གྱི་ཆུ་ཚོད་༢༡དང་སྐར་མ་༡༩ཡི་སྟེང་ནས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ཚད་རིམ་༧.༠ཅན་གྱི་ས་ཡོམ་བྱུང་། ཟླ་༨པའི་ཚེས་༩ཉིན་གྱི་ཆུ་ཚོད་༢༠.༠༠སྟེ། ས་ཡོམ་བྱུང་ནས་ཆུ་ཚོད་༢༤མ་འགོར་བའི་སྐབས་སུ་གཟི་ཚ་སྡེ་དགུའི་ཧུང་ལུང་གནམ་གྲུ་ཐང་ནས་འཕུར་ཡོང་བའི་TV9802རྟགས་ཅན་གྱི་གནམ་གྲུ་དེ་བདེ་བླག་ངང་ཁྲིན་ཏུའུ་ཧྲུང་ལིག་ཏུ་འབྱོར་བ་དང་། གནོད་སྐྱོན་ས་ཁུལ་གྱི་ཡུལ་སྐོར་བ་༡༢༧བདེ་ཐང་ངང་ཁྲིན་ཏུའུ་རུ་བསྐྱལ། 
          ཤེས་གསལ་ལྟར་ན། ས་ཡོམ་བྱུང་རྗེས་བོད་ལྗོངས་མཁའ་འགྲུལ་གྱི་སྤྱི་གཉེར་བ་པེ་ཝེ་སན་དང་ཀུང་སིའི་དབུ་ཁྲིད་རྣམས་ཀྱིས་མཁའ་འགྲུལ་གནམ་གྲུའི་གནས་ཚུལ་ལ་རྒྱུས་ལོན་གང་མགྱོགས་གནང་སྟེ་ས་ཡོམ་རོགས་སྐྱོར་གྱི་གནམ་གྲུ་མཁོ་འདོན་བྱེད་པའི་འཆར་གཞི་དང་བཀོད་འདོམས་རྩ་འཛུགས་བཙུགས། ཁོང་ཚོས་མཚན་མོའི་སྨག་རུམ་ལ་མ་འཛེམས་པར་གནམ་གྲུ་ས་ཡོམ་རོགས་སྐྱོར་གྱི་ཡུལ་དངོས་སུ་སྐྱོད་ཐབས་བྱས་ནས་གོང་རིམ་གྱི་ལས་འགན་དང་ལེན་བྱེད་པར་གྲ་སྒྲིག་བྱས།
 
          ཟླ་༨པའི་ཚེས་༩ཉིན་གྱི་དུས་ཚོད་༡༦དང་སྐར་མ་༣༡སྟེང་ཁྲིན་ཏུའུ་ནས་གཟི་ཚ་སྡེ་དགུའི་ས་ཡོམ་གནོད་སྐྱོན་ས་ཁུལ་བར་གྱི་སྐྱེལ་འདྲེན་དེ་བོད་ལྗོངས་མཁའ་འགྲུལ་གྱིས་འགན་འཁུར་དགོས་པའི་བཀའ་བཀོད་འབྱོར་འཕྲལ་དེ་ཉིད་ཁྱབ་བསྒྲགས་བྱས་པ་དང་། འཕུར་སྐྱོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་མངའ་བའི་མཁའ་སྐྱོད་པ་ཐང་ཧེ་དང་གནམ་གྲུའི་བདེ་འཇགས་སྲུང་སྐྱོབ་ཞབས་ཞུའི་སྤྱི་གཉེར་བ་བློ་མཐུན་ཀོ་ཨེ་ཏུང་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་རུ་ཁག་ཐེངས་འདིའི་ས་ཡོམ་རོགས་སྐྱོར་ལས་འགུལ་ནང་ཞུགས། ཕྱི་དྲོའི་ཆུ་ཚོད་༡༥དང་སྐར་མ་༣༠ཡི་སྟེང་ནས་TV9802རྟགས་ཅན་གྱི་གནམ་གྲུས་བོད་ལྗོངས་མཁའ་འགྲུལ་གྱི་ལས་བཟོ་བ་ཡོངས་ཀྱི་བརྩེ་སེམས་དང་རོགས་སྐྱོར་དངོས་པོ་བསྣམས་ནས་ཁྲིན་ཏུའུ་ནས་གཟི་ཚ་སྡེ་དགུར་འཕུར་ཅིང་གནས་དེར་ལུས་པའི་ཡུལ་སྐོར་བ་རྣམས་བདེ་འཇགས་ངང་ཕ་ཡུལ་དུ་ལོག་པར་སྲུང་སྐྱེལ་བྱས།
          བོད་ལྗོངས་མཁའ་འགྲུལ་གྱི་ལས་བཟོ་བས་མཚམས་སྦྱོར་གནང་བ་ལྟར་ན། ཐེངས་འདིའི་ལས་འགན་བདེ་བླག་ངང་འགྲུབ་ཕྱིར་ཀུང་སིས་ཁ་ཟས་དང་གནམ་གྲུའི་མཁོ་དངོས་ཀྱི་ཕྱོགས་ནས་གྲ་སྒྲིག་ཚགས་ཆུད་པ་གནང་ཡོད་དེ། བལ་གདན་དང་། སྔས་འབོག སྐོམ་ཆུ་སོགས་བཞག་ནས་གནོད་སྐྱོན་ཁུལ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་གནམ་གྲུའི་སྟེང་ནས་ཞབས་ཞུ་ལེགས་པོ་རེག་ཐུབ་པ་ཁག་ཐེག་གནང་།
གཟི་ཚ་སྡེ་དགུའི་ཧུང་ལུང་གནམ་གྲུ་ཐང་དུ་ལུས་པའི་ཡུལ་སྐོར་བ། བོད་ལྗོངས་མཁའ་འགྲུལ་གྱིས་པར་རིས་མཁོ་འདོན་གནང་།   
          ཟླ་༨པའི་ཚེས་༩ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༣༡གི་སྟེང་ནས་གནམ་གྲུ་བདེ་བླག་ངང་གཟི་ཚ་སྡེ་དགུའི་ཧུང་ལུང་གནམ་གྲུ་ཐང་དུ་སླེབས་པ་དང་། གནམ་གྲུའི་ལས་ཀ་བ་རྣམས་ཀྱིས་ལམ་སང་གྲ་སྒྲིག་གི་ལས་ཀ་རྣམས་བསྒྲུབས་རྗེས་འཛུམ་དམུལ་དམུལ་གྱི་ངང་ནས་ཡུལ་ལ་ལོག་པའི་ཡུལ་སྐོར་བ་རྣམས་ལ་བསུ་མ་གནང་། གནམ་གྲུའི་སྟེང་ཡུལ་སྐོར་བ་༡༢༧ཡོད་ཅིང་དེའི་ཁྲོད་བྱིས་པ་༡༢ཡོད་ལ། འགྲེས་སོང་དང་བྱིས་པ་གཉོར་མཁན། དེ་མིན་ལུས་པོ་མི་བདེ་བའི་ཡུལ་སྐོར་བ་རྣམས་ནི་ཁོང་ཚོས་རོགས་སྐྱོར་བྱེད་ཡུལ་གཙོ་བོ་ཡིན་ལ་གནམ་གྲུའི་ཞབས་ཞུ་པ་རྣམས་ཀྱིས་གང་ཐུབ་པའི་རོགས་རམ་གནང་། པེ་ཅིང་ནས་སླེབས་པའི་ཡུལ་སྐོར་བ་ཁྱོ་ཤུག་གཅིག་གིས་ས་ཡོམ་སྐབས་སུ་རྐང་རྗེན་དུ་བྲོས་པས་རྐང་པར་རྨས་སྐྱོན་ཕོག་ཡོད་པས་གནམ་གྲུའི་ཞབས་ཞུ་པས་ཁོང་གཉིས་ལ་འདྲུད་ལྷམ་མཁོ་འདོན་གནང་།
གནམ་གྲུའི་འགོ་བ་ཐང་ཧེ་དང་ཧྲི་བེ། ཁ་ལོ་བ་གཞོན་པ་ཧྥང་ཧན་ཅང་བཅས་ཀྱིས་གནམ་གྲུའི་ཁ་ལོ་སྒྱུར་ཁང་ལ་བརྟག་དཔྱད་ཞིབ་ཅིང་ཕྲ་བ་གནང་བའི་ཚུལ། བོད་ལྗོངས་མཁའ་འགྲུལ་གྱིས་པར་རིས་མཁོ་འདོན་གནང་། 
          ཤེས་གསལ་ལྟར་ན། གཟི་ཚ་སྡེ་དགུའི་གནམ་གྲུ་ཐང་གི་རྒྱུག་ལམ་ཅུང་ཐུང་བས་ཕྱིར་ལོག་པ་སྐབས་གནམ་གྲུ་ནམ་འཕུར་བཀའ་བཀོད་ནམ་འབྱོར་ངེས་པ་མེད་པ་དང་། གནོད་སྐྱོན་ཁུལ་ནས་སླེབས་པའི་ཡུལ་སྐོར་བ་རྣམས་ལ་ཁ་ཟས་དང་སྐོམ་ཆུ་སྟེར་བའི་དུས་ཚོད་ཀྱིས་མི་འདང་སྟབས་གནམ་གྲུའི་ཞབས་ཞུ་པ་རྣམས་ཀྱིས་གནམ་གྲུ་མ་འཕུར་བའི་ཡར་སྔོན་གྱི་དུས་ཡུན་ཐུང་ངུ་དེ་སྤྱད་ནས་ཟས་སྣོད་ནང་གི་ཀོ་རེ་དང་སིལ་ཏོག་སོགས་ཀྱི་ཁ་ཟས་རྣམས་མྱུར་དུ་ཡུལ་སྐོར་བ་རྣམས་ལ་བྱིན་ནས་ཚང་མ་བློ་བདེ་རུ་བཅུག

གནམ་གྲུའི་ཞབས་ཞུ་པ་རྣམས་ཀྱིས་འགྲུལ་བ་རེ་རེར་ཁམས་འདྲི་དང་རོགས་སྐྱོར་སྐོར་གྱི་སྐད་ཆ་དྲིས།  
          ཟླ་༨པའི་ཚེས་༩ཉིན་གྱི་ཆུ་ཚོད་༢༠ཡི་སྟེང་ནས་TV9802རྟགས་ཅན་གྱི་གནམ་གྲུ་བདེ་བླག་ངང་ཁྲིན་ཏུའུ་གྱི་ཧྲུང་ལིག་གནམ་གྲུ་ཐང་དུ་འབྱོར་ཞིང་ཡུལ་སྐོར་བ་༡༢༨བདེ་འཇགས་ངང་ཁྱིམ་དུ་བསྐྱལ། གནམ་གྲུའི་ཞབས་ཞུ་པས་གསར་འགོད་པར་བཤད་དོན། ཡུལ་སྐོར་བ་རྣམས་གནམ་གྲུ་ནས་འབབ་སྐབས་ཧ་ཅང་དགའ་བའི་ངང་ནས་ད་ནི་གཞི་ནས་ཡུལ་ལ་ལོག་ཐུབ་པ་བྱུང་སོང་ཞེས་ཡང་ཡང་བཤད་ཀྱིན་ཡོད་ལ། གནམ་གྲུ་ཞབས་ཞུ་པའང་ཡུལ་སྐོར་བ་རྣམས་ཀྱིས་ཡིད་འགུལ་ཐེབས་སུ་བཅུག་ནས་མཆི་མ་འཁྲུགས་པར་གྱུར། བོད་ལྗོངས་མཁའ་འགྲུལ་གྱིས་བཀའ་བཀོད་ལྟར་ས་ཡོམ་རོགས་སྐྱོར་གྱི་ཁྲོད་ནས་གནས་དེར་ལུས་པའི་ཡུལ་སྐོར་བ་རྣམས་ཕ་ཡུལ་དུ་སྐྱེལ་བའི་ལས་འགན་ཡོངས་སུ་འགྲུབ་ཐུབ་པ་བྱུང་། 
          བོད་ལྗོངས་མཁའ་འགྲུལ་གྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་གནང་བ་ལྟར་ན། མི་དམངས་མཁའ་འགྲུལ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་གཟི་ཚ་སྡེ་དགུའི་ཧུང་ལུང་གནམ་གྲུ་ཐང་གི་ལས་ཆོད་ཇེ་ལེགས་སུ་གཏོང་ཆེད་གནམ་གྲུ་ཐང་འདི་ལྷོ་ནུབ་མི་དམངས་མཁའ་འགྲུལ་ཅུའུ་ཡིས་གཅིག་གྱུར་གྱི་བཀོད་འདོམས་གནང་བ་ཡིན་ལ། མིག་སྔར་གནམ་གྲུ་ཡོད་ཚད་ཐོག་མར་གཟི་ཚ་སྡེ་དགུ་ཧུང་ལུང་གནམ་གྲུ་ཐང་ནས་འགྲུལ་བཞུད་པ་རྣམས་སྐྱེལ་ཏེ་ཁྲིན་ཏུའུ་ཧྲུང་ལིག་ཏུ་སླེབས་པ་དང་དེ་ནས་ཕྱོགས་སོ་སོར་འཕུར་བའི་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད། བོད་ལྗོངས་མཁའ་འགྲུལ་གྱིས་ཀྱང་སྤྱི་ཚོགས་ཁེ་ལས་ཀྱི་རིན་ཐང་ལྟ་བ་རྒྱུན་འཛིན་གང་ལེགས་སྒོས་སྤྱི་ཚོགས་ཀྱི་འགན་འཁུར་དང་ལེན་བྱས་པ་དང་། མུ་མཐུད་ནས་ས་ཡོམ་རོགས་སྐྱོར་བྱ་བ་ཁག་ཐེག་དང་དེའི་རྗེས་ཀྱི་མཁའ་བསྐྱོད་འགྲིམ་འགྲུལ་ལས་ཀ་རྣམས་བདེ་བླག་ངང་འགྲུབ་པར་ཁག་ཐེག་གང་ལེགས་བྱེད་བཞིན་ཡོད།   
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716