སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2017ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ཀྱི་བྱ་འགུལ་བོད་ལྗོངས་སུ་བསྐྱོད་པ་ལས་ཀླུ་ནང་གི་ལེའུ།
སྤེལ་དུས། 2017-11-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།

    རི་མོ་ནི་གསེར་སྐྱེམས་ལ་ཁ་ནས་རི་བོ་གནམ་ལྕགས་འབར་བ་མཐོང་བ་དེ་ཡིན།  
           ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཉིང་ཁྲི་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་གསེར་སྐྱེམས་ལ་བརྒལ་རྗེས་ང་ཚོས་ཡང་བསྐྱར་འོད་སྟོང་རབ་ཏུ་འགྱེད་པའི་རི་བོ་གནམ་ལྕགས་འབར་བ་མཐོང་ཐུབ་པ་མ་ཟད་རི་བོ་ཡོད་ཚད་ལྷག་ལུས་མེད་པར་ཀུན་གྱི་གཟིགས་མོར་བཤམས་ངེས། གསེར་སྐྱེམས་ལ་ཁ་ནས་ཤར་ཕྱོགས་སུ་རྒྱང་བལྟ་བྱས་ཚེ། ཚིང་ཚིང་ནགས་ཚལ་སྟུག་པོ་ནག་རོག་གེར་མཆིས་པའང་མཐོང་། ང་ཚོ་ཚང་མས་ཤེས་གསལ་ལྟར་འདི་ནི་སྐད་གྲགས་ཆོད་པའི་ཀླུ་ནང་ལྷོ་རྒྱུད་ཀྱི་ནགས་ཚལ་ཆེན་པོ་དེ་རེད། རླངས་འཁོར་ནི་རི་ལྡེབས་ཀྱི་གཞུང་ལམ་ཀྱག་ཀྱོག་བརྒྱུད་ནས་མར་འབབ་ཀྱིན་ཡོད་ལ། ནགས་ཚལ་སྔར་ལས་ཇེ་སྟུག་དང་ལམ་གྱི་གཞོགས་གཉིས་སུ་མཐོ་དམའ་རིམ་པ་ལྟར་སྡོང་ཕྲན་ནགས་རྫོབ་དང་། ཐང་ཤིང་སྟུག་པོ། གསོམ་ཤིང་བཅས་ཀྱིས་གྲུབ་པས། གདོད་མའི་ནགས་ཚལ་འདི་ལྟ་བུ་སོར་བཞག་བྱས་ཡོད་པའི་གནས་དེང་སང་མཐོང་དཀོན་པོ་ཞིག་རེད།

རི་མོ་ནི་ཀླུ་ནང་ལྷོ་རྒྱུད་ཀྱི་ནགས་ཚལ་ཡིན།

རི་མོ་ནི་ཀླུ་ནང་གྲོང་རྡལ་གྱི་འཛུལ་སྒོ་ཡིན།
           ཟླ་11ཚེས་11ཉིན། 2017ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་དུས་རབས་ཀྱི་བྱ་འགུལ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གཉིས་པ་ཀླུ་ནང་དུ་ཕྱིན་ཏེ་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་རྟོག་དཔྱོད་གནང་བ་དང་མུ་མཐུད་ནས་སྤོ་བོ་དང་ཆབ་མདོ་སོགས་ལའང་ཕྱིན་རྒྱུ་རེད། ཀླུ་ནང་གྲོང་རྡལ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་བརྒྱད་གཅིག་གྲོང་རྡལ་གྱི་ཤར་ཕྱོགས་སྤྱི་ལེ་70ཡི་མཚམས་སུ་ཡོད། ཀླུ་ནང་ཞེས་པ་ནི་ཀླུའི་རྒྱལ་པོ་གནས་ཡུལ་ཞེས་པའི་དོན་ཡིན་ཞིང་། འདི་ལ་“རང་བྱུང་གི་དབྱང་ཤག”ཅེས་དང་“སྐྱེ་དངོས་རྒྱུད་རྒྱུའི་བང་མཛོད”ཅེས་པའི་མཚན་སྙན་ཡོད། ད་ལྟའི་བར་དུ་དམངས་ཁྲོད་ན“ཀོང་པོ་ཀླུ་ནང་ཕྱིན་པས། །རང་གི་ཕ་ཡུལ་བརྗེད་འགྲོ”ཞེས་པའི་བསྟོད་ཚུལ་ཡོད།  
           གྲོག་རོང་གཞོགས་གཉིས་ནགས་ཚལ་ཡིན་པའི་རྐྱེན་ཀྱིས་གྲོག་རོང་གི་ཞབས་ནི་རི་རྩྭ་མཐུག་པོ་སྔོ་ཐིང་ཐིང་གིས་ཁེངས་ཡོད་ཅིང་དེའི་དཀྱིལ་དུ་དྭངས་གསལ་ཆུ་མོ་གྱ་གྱུར་འབབ། སྤང་ཐོག་ཏུ་བོད་ཀྱི་ནགས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཤིང་ར་དང་། ཤིང་ལེབ་ཀྱི་ཁང་པ། ཤིང་ཟམ་བཅས་ཡོད་པར། ཞིང་འབྲོག་མང་ཚོགས་ཀྱི་གྲོང་སྡེ་དག་ནི་སྐར་ཚོགས་ས་ལ་ཤར་བ་བཞིན་དུ་གང་སར་ཁྱབ་སྟེ། ལྷིང་འཇགས་མཛེས་སྡུག་ཡིད་དུ་འོང་བའི་ནགས་ཀྱི་བསྟི་གནས་རི་མོ་ཞིག་ཏུ་གྱུར།
 
རི་མོ་ནི་ཀླུ་ནང་གི་དམངས་ཁྱིམ་ཡིན།

རི་མོ་ནི་ཀླུ་ནང་གྲོང་རྡལ་གྱི་ཟུར་ཞིག་ཡིན
           ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གིས་ཀླུ་ནང་གྲོང་རྡལ་དུ་གུང་ཟས་ལ་རོལ་བཞིན་ངལ་གསོ་ཏོག་ཙམ་གནང་། ས་གནས་དེ་གའི་ལས་བྱེད་པས་ཚོ་ཆུང་གཉིས་པའི་ཚོགས་གཙོ་ལི་ཝུན་ཧན་ལ་ཀླུ་ནང་གི་ཉེ་བའི་ལོ་ཁ་ཤས་ནང་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་ཐད་ཀྱི་འབད་བརྩོན་དང་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་རྣམ་གྲངས་ཀྱི་འབྲེལ་ཡོད་གནས་ཚུལ་རྣམས་ངོ་སྤྲོད་བྱས། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ནི་ཀོང་ཏུང་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་གཙོ་གནད་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཞིག་ཡིན། 2011ལོར་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཐུན་མོང་གིས་“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ”གྱི་འཛུགས་སྐྲུན་རྣམ་གྲངས་དེ་གཙོ་གནད་བོད་སྐྱོར་རྣམ་གྲངས་སུ་བཞག བོད་ཀྱི་རིག་གནས་དང་རང་བྱུང་སྐྱེ་ཁམས། ལྗིང་འཇགས་དྭགས་གཙང་། དེང་རབས་དར་སྲོལ་བཅས་འབུར་དུ་ཐོན་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཞིག་འཛུགས་རྒྱུའི་གྲོས་འཆར་བཏོན།
           2012ལོའི་ཟླ་3པར།ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་རྣམ་གྲངས་དངོས་སུ་འགོ་ཚུགས་པ་མ་ཟད་རྨང་གཞི་བཏིངས། 2013ལོར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས། 2014ལོའི་ལོ་མཇུག་ཏུ་ལས་ཀ་གཙོ་བོ་ཐམས་ཅད་བསྒྲུབས།   2015ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཞིང་། 2016ལོར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་སྒོ་ཕྱེས། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་འཛུགས་སྐྲུན་ནི། ཕྱོགས་གཅིག་ནས་གྲོང་རྡལ་ཀྱི་སྔར་ཡོད་ཀྱི་འཆར་འགོད་མེད་ཅིང་ཁྱད་ཆོས་མེད་ཁར། ཇུས་འགོད་ཞན་པའི་འཛུགས་སྐྲུན་རྣམ་པ་དེ་ཉིད་བསྒྱུར་བ་དང་། ཕྱོགས་གཉིས་ནས་ཉེ་འཁོར་གྱི་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་ཇེ་ལེགས་སུ་བཏང་ནས། ཁྱིམ་ཚང་མགྲོན་ཁང་གི་སྤུས་ཚད་དང་ཞབས་ཞུ་ཇེ་བཟང་དུ་གཏོང་བ་དེ་ཡིན།  ཕྱོགས་གསུམ་ནས་ཉིང་ཁྲི་རྫོང་དང་དེ་བཞིན་ཉེ་འཁོར་གྱི་ཡུལ་སྐོར་ཐོན་ཁུངས་གཙོ་བོ་ཕྱོགས་སྒྲིལ་གྱིས་ཡུལ་སྐོར་སྣེ་ལེན་གྱི་ཆ་རྐྱེན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་སྟེ། ཡུལ་སྐོར་ཐོན་ལས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ཕན་ནུས་རྒྱ་བསྐྱེད་དེ་ཉིང་ཁྲི་རྫོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་ཞིང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བའི་གཞི་རྟེན་ཧ་ཅང་ལེགས་པོ་ཞིག་གཏད་ནས།ཉིང་ཁྲི་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དེ་སྐྱེ་ཁམས་སྔོ་ལྗང་ཅན་གྱི་ལམ་ཁར་སྐྱོད་ཐུབ་པ་བྱེད་རྒྱུ་དེ་ཡིན། ཚོགས་གཙོ་ལི་ཝུན་ཧན་གྱིས་རྣམ་གྲངས་འདིའི་སྔོ་ལྗང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལྡན་པར་ཁས་ལེན་གང་ལེགས་བྱས་པ་དང་། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་འཕེལ་རྒྱས་དང་ས་གནས་དེ་གའི་མི་སེར་གྱི་འཚོ་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལེགས་བཅོས་བྱེད་པ་ཟུང་འབྲེལ་བྱ་དགོས་པའི་རེ་བ་བཏོན།

རི་མོ་ནི་ཀླུ་ནང་གྲོང་རྡལ་གྱི་རང་འབབ་ཆུའི་བཟོ་གྲྭ་ཡིན།

རི་མོ་ནི་ཀླུ་ནང་བཙོག་ཆུ་ཐག་གཅོད་བཟོ་གྲྭ་ཡིན།
           གུང་ཟས་ལ་རོལ་རྗེས། ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གིས་གྲོང་རྡལ་གྱི་རང་འབབ་ཆུའི་བཟོ་གྲྭ་དང་། གད་སྙིགས་ཐག་གཅོད་བཟོ་གྲྭ། ཙོག་ཆུ་ཐག་གཅོད་བཟོ་གྲྭ་བཅས་ལ་རྟོག་ཞིབ་གནང་། འཆར་འགོད་ཚན་རིག་དང་མཐུན་ཞིང་འཐུས་ཚང་ཡིན་པས། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་གྱི་སྒྲིག་བཀོད་ཚང་མ་ལྟོས་བཅས་ཀྱིས་སྔར་བས་ཆེད་ལས་དང་འཐུས་ཚང་ཞིག་རེད། ངེས་པར་དུ་ཁས་ལེན་བྱེད་དགོས་པ་ཞིག་ནི། གྲོང་རྡལ་གྱི་སྲིད་དོན་འཛུགས་སྐྲུན་དག་ཀྱང་གྲོང་རྡལ་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་གཞིའི་ཇུས་འགོད་ཚང་མར་བསམ་གཞིགས་བྱས་ཡོད་པས།གྲོང་རྡལ་ཧྲིལ་པོ་དང་སྙོམ་སྒྲིག་གཅིག་གྱུར་གྱི་བོད་བཟོའི་ཉམས་ལྡན་ཁྱད་ཆོས་ལྡན་པ་ཞིག་ཏུ་འཆར་འགོད་བྱས་ཡོད། ཚོགས་གཙོ་ལི་ཝུན་ཧན་གྱིས་ཀུ་རེའི་ངང་བཤད་རྒྱུར། གལ་སྲིད་སྒོ་བྱང་གི་ཡི་གེ་དེ་མ་མཐོང་ཚེ་འདི་ནི་ཙོག་ཆུ་ཐག་གཅོད་བཟོ་གྲྭ་ཞིག་ཡིན་པ་ཤེས་མི་སྲིད་པར་བོད་ལུགས་མགྲོན་ཁང་ཞིག་ཏུ་འཁྲུལ་རྒྱུ་རེད་ཅེས་བཤད།

རི་མོ་ནི་བཀྲ་ཤིས་སྒང་གྲོང་ཚོ་ནས་རྒྱང་དུ་བལྟས་པ་ཡིན།

རི་མོ་ནི་ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གིས་ས་གནས་ཀྱི་སྡེ་མི་དང་ལྷན་ཏུ་བཞུགས་མོལ་གནང་བཞིན་པ་ཡིན།
           དེ་ནས་ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་བཀྲ་ཤིས་སྒང་གྲོང་ཚོར་ཕྱིན་ཏེ་སྡེ་མི་དང་ལྷན་དུ་བསམ་ཚུལ་བརྗེ་རེས་སྤེལ། བཀྲ་ཤིས་སྒང་གྲོང་ཚོར་ད་ལྟ་དུད་ཚང་68དང་མི་གྲངས་312ཡོད། གྲོང་ཚོའི་དཔལ་འབྱོར་གཙོ་བོ་ནི་ཡུལ་སྐོར་ཞབས་ཞུ་ལས་རིགས་ཡིན་ལ། ཞིང་ལས་དང་འབྲོག་ལས་ནི་ཕལ་བར་འཛིན། 2016ལོར་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་1124.64ཡིན་ལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་116དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཡིན། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་“བསམ་པའི་དཔལ་ཡོན་གྲོང་ཚོ”དང་། བོད་རང་སྐྱོང་ལྗོངས་ཀྱི་“འབྱོར་འབྲིང་དཔེ་སྟོན་གྲོང་ཚོ། “ཡུལ་སྐོར་དམངས་ཕྱུག་སྔོན་ཐོན་ཚོགས་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
           བཀྲ་ཤིས་སྒང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱབ་གདལ་ཤུགས་ཆེན་བྱས་ཡོད། མིག་སྔར་གྲོང་ཚོའི་སྡེ་མིས་བུད་ཤིང་སྒྲུག་པ་ལ་ཡལ་ག་ཟགས་མ་ཁོ་ན་སྤྱོད་ཅིང་། ཡུལ་སྐོར་གད་སྙིགས་བསྡུ་བ་དང་ནགས་ཚལ་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པར་ཡང་དོ་སྣང་བྱེད། ཀླུ་ནང་གི་མཛེས་སྡུག་ལྡན་པའི་རང་བྱུང་སྤྱི་ཚོགས་ཀྱི་རྣམ་པ་དང་མང་ཚོགས་ཀྱི་བབ་ཆགས་གཞུང་དྲང་གི་གཤིས་རྒྱུད་ཀྱིས་བཀུག་སྟེ། ཡུལ་སྐོར་བ་རྣམས་རྒྱུན་མི་ཆད་པར་སླེབས་ཡོང་། བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་་ཁ་ཤས་ཀྱི་ལོ་གཅིག་གི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་30-40ལ་སླེབས་ཡོད། ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གི་ཚོགས་གཙོ་ལི་ཝུན་ཧན་གྱིས་གནས་ཚུལ་འདི་དག་གསན་རྗེས་སེམས་ཁོང་ནས་དགའ་སྤྲོ་སྐྱེས་ཤིང་། གྲོང་ཚོའི་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རེ་འདུན་དང་བླང་བྱ་བཏོན།  ཁོང་གིས་“རི་ཀླུང་ཡག་པོ་གསེར་རི་དངུལ་རི་ཡིན། ཁྱེད་ཚོའི་མདུན་ནས་གཏམ་འདི་བདེན་པར་བསྒྲུབས།”ཞེས་གསུངས།
རི་མོ་ནི་ཀླུ་ནང་གྲོང་རྡལ་གྱི་མཛེས་ལྗོངས་ཡིན།

རི་མོ་ནི་ཀླུ་ནང་རྒྱལ་ཁབ་ཡུལ་སྐོར་གྲོང་རྡལ་གྱི་གསོལ་མགྲོན་ཁང་ཡིན། 

རི་མོ་ནི་ཁོར་ཡུག་སྲུང་སྐྱོབ་བོད་ལྗོངས་སུ་བསྐྱོད་པའི་ཚོ་ཆུང་གིས་རང་འབབ་ཆུའི་བཟོ་གྲྭར་རྟོག་དཔྱོད་གནང་བཞིན་པ་ཡིན།

རི་མོ་ནི་ཀླུ་ནང་གད་སྙིགས་གནོན་བཏུམ་བརྒྱུད་འདྲེན་ས་ཚིགས་ཡིན།

རི་མོ་ནི་ཀླུ་ནང་སྡེ་མིས་ཀོང་ཀྲོའུ་ཀྲུང་ཧྲན་སློབ་ཆེན་སྨན་ཁང་གི་སྨན་བཅོས་རུ་ཁག་གིས་རྟག་དཔྱད་བྱེད་པར་སྒུག་བཞིན་པ་ཡིན།


 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716