སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་བསྲུང་རྒྱུ་ནི་ང་ཚོའི་བླ་ན་མེད་པའི་འགན་འཁྲི་ཡིན”ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་ལུང་ཤུར་གྱི་མཐའ་བརྟན་དམངས་ཕྱུག་གི་སྐོར་བཀོད་པ།(སྟོད་ཆ)
སྤེལ་དུས། 2017-11-24   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་ཆོས་སྒྲོན།
          འདི་ནི་སྔོ་ལྗང་ལྗོན་པའི་ཁྲོད་ཀྱི་མག་མང་གྲོང་ཚོ་ཡིན་པ།
          “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་ལོ་མང་རིང་སླད་མོན་པ་མི་རིགས་ཤང་གི་ལས་བྱེད་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་བློ་ལ་བརྟན་པོར་བཅངས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་འཆང་བ། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱིས་ལོ་བཅུ་ཕྲག་འགའ་ཤས་ཉིན་གཅིག་ལྟར་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“དམག་དཔུང་འདུས་སྡོད་དང་དམངས་ཀྱི་བདེ་འཇགས་མཉམ་དུ་སྤེལ་བ་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཇོག་པའི”མཐའ་བརྟན་དམངས་ཕྱུག་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས“གྲོང་ཚོ་ཚང་མ་ནི་མཁར་རྫོང་ཡིན་པ་དང་། དུད་ཚང་ཚང་མ་ནི་སོ་ལྟ་ཁང་ཡིན་པ། མི་ཚང་མ་ནི་སོ་དམག་ཡིན་པ། ཐོན་སྐྱེད་ནི་ལས་སྒྲུབ་ཡིན་པ། ཕྱུགས་འཚོ་ནི་སྐོར་གཡེང་ཡིན་པ། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན”བཅས་ཀྱི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་པས་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་འགན་ལེན་བྱས་ཡོད།
          བརྟན་སྲུང་ནི་འགན་འཁྲི་དང་བློ་ཁོག་ཆེན་པོས་འགན་འཁུར་བ་ཞིག་ཡིན།
          ལོ་17ལ་སོན་པ་ནས་བཟུང་ལམ་འཁྲིད་པ་ཡིན་པའི་ངོས་ནས་མཐའ་མཚམས་ས་ཚིགས་ཀྱི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དང་མཉམ་དུ་སྐོར་གཡེང་བྱས་ཏེ་མཐའ་མཚམས་སྲུང་སྐྱོང་བྱས་ཡོད།
          ད་ཆ་ལོ་31འདས་ཟིན་མོད། སྐལ་བཟང་བསྟན་འཛིན་གྱི་རྣ་ལམ་དུ་རྟག་ཏུ་གྲགས་པ་ནི་སྐབས་དེ་དུས་རང་གི་ཕས་གནང་བའི“ང་ཚོའི་ས་མཚམས་དེ་ངེས་པར་དུ་བློ་ལ་ངེས་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་ཅིས་ཀྱང་སྲུང་དགོས”ཞེས་པའི་མངགས་བཅོལ་དང་བཀའ་སློབ་དེ་རེད།
          “མཐའ་སྲུང་མཐའ་བརྟན་ཡོང་བ་བྱེད་རྒྱུ་ནི་སྔར་ནས་བཟུང་མཐའ་མཚམས་གྲོང་མིས་སྒྲུབ་དགོས་པའི་བྱ་བ་ཞིག་རེད། འདི་ནི་མཐའ་མཚམས་གྲོང་མིའི་འགན་འཁྲི་ཡིན་ལ་ང་ཚོས་འཁུར་དགོས་པའི་ལས་འགན་ཞིག་ཀྱང་ཡིན”ཞེས་སྐལ་བཟང་བསྟན་འཛིན་གྱི་སྐད་ཆ་དེ་བབ་ཆགས་པོ་ཞིག་ཡོད་ལ་སྤོབས་སེམས་ཀྱི་བསམ་པ་ཡང་མངོན་གྱི་ཡོད།
          སྔོན་ཆད་ཞིང་བྲན་ཡིན་པའི་སྐལ་བཟང་བསྟན་འཛིན་གྱི་ཕ་ཚེ་བསྟན་འཛིན་གྱིས་བོད་རྙིང་པར་རང་ཉིད་ལ་ས་ཞིང་མེད་པར་མངའ་བདག་ལ་རྟ་ཟོག་སེམས་ཅན་ལྟ་བུ་བྱས་པའི་དཀའ་སྡུག་ཚད་མེད་མྱངས་ཡོད། ཁོང་གིས“གུང་ཁྲན་ཏང་གི་བཀའ་དྲིན་གྱིས་ང་ཚོ་ཡར་ལངས་བྱུང་ནས་བདག་པོར་གྱུར་བ་དང་། གུང་ཁྲན་ཏང་གིས་ང་ཚོར་ས་ཞིང་བགོ་བཤའ་གནང་བྱུང་། མི་ཞིག་ཡིན་ཕྱིན་དྲིན་ཚོར་གྱི་བསམ་པ་དགོས་པས་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་རུང”ཞེས་རང་གི་ཕྲུ་གུར་རྟག་ཏུ་སློབ་གསོ་དེ་ལྟར་རྒྱག་གི་ཡོད།
          1962ལོར་ཧིན་རྡུར་དམིགས་པའི་རང་སྲུང་རྒོལ་ལན་དམག་འཐབ་རྒྱག་སྐབས་ཚེ་བསྟན་འཛིན་གྱིས་མ་སྐུལ་དང་བླངས་ངང་བཅིངས་འགྲོལ་དམག་ལ་ལམ་སྣེ་འཁྲིད་མཁན་བྱས་ནས་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་ཡོད། རྟག་ཏུ་ལས་ཀ་ཡག་པོ་སྒྲུབ་ཀྱི་ཡོད་པས་1963ལོར་རྩ་འཛུགས་ཀྱི་འོས་སྦྱོར་འོག་ཁོང་སླད་མོན་པ་མི་རིགས་ཤང་གི་དྲུང་ཡིག་གི་འགན་ཁུར་བ་རེད།
          དེ་རྗེས་1966ལོར་ཚེ་བསྟན་འཛིན་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། 1970ལོར་སླད་མོན་པ་མི་རིགས་ཤང་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ཡོད།
          རང་གི་ཕའི་ཤུགས་རྐྱེན་བཟང་པོའི་འོག་སྐལ་བཟང་བསྟན་འཛིན་གྱི་གཅེན་པོའང་རྗེས་སུ་གྲོང་ཚོའི་ལས་བྱེད་པར་གྱུར་ཡོད། ཡིན་ནའང་མཚོ་སྣ་རྫོང་དུ་ཚོགས་འདུར་སྐྱོད་པའི་ལམ་བར་དུ་སྟབས་མི་ལེགས་པར་རླངས་འཁོར་གྱི་ཆག་སྒོ་ཐོན་ནས་ལོ་ན་གཞོན་པའི་དུས་སུ་ཚེ་ལས་འདས།
          སླད་མོན་པ་མི་རིགས་ཤང་འདི་ཉིད་རི་བོ་ཧི་མ་ལ་ཡའི་ཕུ་རུ་གནས་ཤིང་། རླངས་འཁོར་མཚོ་སྣ་རྫོང་ནས་ཐོན་སྐབས་ས་བབ་མཐོ་ཚད་སྨི་4550ཟིན་པའི་སྤོས་ལ་སྒྲོལ་དགོས་པ་དང་། དེ་གུག་ཆ་མང་བའི་ཐུར་ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ཟིན་པའི་བར་སྐྱོད་དགོས། རི་ལམ་དེར་ཁུག་ལམ་མང་པོ་བརྒྱུད་དགོས་པས་མི་རྣམས་དངངས་སྐྲག་གི་གནས་སུ་གྱར་བས་རླངས་འཁོར་རྡུང་ཁ་ཤོར་བའི་ཉེན་ཁ་ཐོན་མི་ཡོང་ངམ་སྙམ་པའི་མྱོང་ཚོར་ཡོང་གི་ཡོད། རི་ལམ་གཡང་གཟར་བས་མི་རྣམས་རླངས་འཁོར་གྱི་ཕྱི་རོལ་དུ་ལྟ་མི་ཕོད་པ་དང་གཡང་དུ་ཟགས་འགྲོ་མི་ཡོང་ངམ་སྙམ་པ་ཡོང་གི་ཡོད།
          “ད་ཆ་ཡག་ཏུ་ཕྱིན་ཡོད། ཚང་མ་སྣུམ་ནག་གཞུང་ལམ་རེད། སྔོན་ཆད་ཚང་མ་ས་རྡོའི་ལམ་ཡིན་ལ་ད་ཆ་ལས་རྒྱ་ཆུང་བའི་ཁར་གྱེན་ཡང་ད་ཆ་ལས་གཟར་བ་ཡོད། ད་དུང་ཁུག་ལམ་ད་ཆ་ལས་ཉེན་ཁ་ཆེ་བ་ཡོད”ཅེས་སྐལ་བཟང་བསྟན་འཛིན་གྱིས་ངོ་སྤྲོད་བྱས།
          “ཆ་རྐྱེན་དཀའ་ཚེགས་དེ་འདྲ་ཆེ་རུང་དེ་ནས་མི་བྲལ་བའི་རྒྱུ་མཚན་གང་ཡིན་ནམ”ཞེས་གསར་འགོད་པས་དྲིས།
          “ང་ཚོ་དེ་ནས་བྲལ་ཚེ་རྒྱལ་ཁབ་ཀྱི་ས་ཆ་སུ་ཞིག་གིས་སྲུང་ངམ”ཞེས་སྐལ་བཟང་བསྟན་འཛིན་གྱིས་ལན་བཏབ།
          གཅེན་པོ་གྲོངས་རྗེས་སྐལ་བཟང་བསྟན་འཛིན་གྱིས་མཐའ་མཚམས་སྲུང་སྐྱོང་གི་ལས་འགན་ཕྲག་ཐོག་ཏུ་ཁུར། ཁོང་གི་སྣེ་ཁྲིད་འོག་སླད་མོན་པ་མི་རིགས་ཤང་གི་ལོ་16ཡན་དང་ལོ་65མན་གྱི་སྐྱེས་པ་ཚང་མ་འཚང་ག་ཤིག་ཤིག་རི་སྐོར་དཔུང་ཁག་ནང་ཞུགས། ས་ཆ་དེ་ཁུལ་གྱི་མི་ཁོ་ན་ཞུགས་པ་མ་ཟད། ད་དུང་ས་ཆ་གཞན་ནས་འདི་གར་གནས་སྤོས་བྱས་པའི་མང་ཚོགས་ཀྱང་ཞུགས་ཡོད།
          ནོར་བུ་ཚེ་རིང་1991ལོར་མཚོ་སྣ་རྫོང་སྦྱོར་ར་ཤང་སྦྱོར་ར་གྲོང་ཚོར་གླ་པ་རྒྱུག་པ་ནས་འདི་གར་ཡོང་རྗེས་སླད་མོན་པ་མི་རིགས་ཤང་དུ་གཞིས་ཆགས། ད་ཆ་ཁོང་སླད་མོན་པ་མི་རིགས་ཤང་གི་མཉམ་འགོག་རུ་ཁག་གི་རུ་དཔོན་དང་སླད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རེད།
          ས་ཆ་དེ་གའི་མང་ཚོགས་ཀྱི་ཧུར་སེམས་འཕེལ་རྒྱུར་སྐུལ་ལྕག་བྱེད་ཆེད་སླད་མོན་པ་མི་རིགས་ཤང་ཏང་སྤྱི་ཁྱབ་ཀྲི་པུས་མང་ཚོགས་ཀྱི་ཕྱུགས་འཚོ་སར་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཡོད་ལ་མཐའ་མཚམས་ཏང་འཛུགས་སྐྱོང་གི་བར་ཁྱམས་ཀྱང་བཏོད་ཡོད།
          སྙིང་སྟོབས་ནི་ལེགས་སྐྱེས་ཡིན་ལ་འགྱུར་མེད་ཀྱི་དམ་བཅའི་ཚིག་ཀྱང་ཡིན།
          རི་སྐོར་གྱི་བརྒྱུད་རིམ་སྐོར་གླེང་སྐབས་སྐལ་བཟང་བསྟན་འཛིན་གྱིས“ད་ཆ་ཧ་ཅང་ཡག་ཏུ་ཕྱིན་ཡོད། སྔོན་ཆད་ཆ་རྐྱེན་དཀའ་ཚེགས་ཆེ་བས་རི་སྐོར་འགྲོ་དུས་སུར་པན་དང་རྩམ་པ་མཉམ་དུ་བཟའ་རྒྱུ་བྱུང་ན་ཡག་ཤོས་རེད། ད་ཆ་ཕག་ཀྲིན་དང་། སྟབས་བདེའི་ཐུག་པ། གཏེར་ཆུ་སོགས་གང་དགོས་ཡོད་པས་ཁྱད་བསད་མི་ཐུབ་པའི་དཀའ་ངལ་གང་ཡོད་དམ”ཞེས་སྲོང་པོར་བརྗོད།
          སྐལ་བཟང་བསྟན་འཛིན་གྱིས་རི་ལམ་དུ་དོམ་ནག་དང་རི་ཕག་འཕྲད་པར་སྐྲག་དོན་མེད། གཞས་དང་དུ་བ་བཏང་ནས་ཞེ་སྣང་སྐུལ་ཆོག གཡང་གཟར་སྒྲོལ་བའང་སྐྲག་དོན་མེད། དཀའ་ངལ་ཆེ་ཤོས་ནི་ཆར་པ་འབབ་པའི་དུས་སུ་གྲོད་པ་ལྟོགས་པ་དང་གྲང་ངར་གྱིས་མནར་སྐབས་ནང་མི་དྲན་པ་དེ་ཡིན་ཞེས་གསར་འགོད་པར་བརྗོད།
          2004ལོའི་ཟླ་8པ་ནི་སྐལ་བཟང་བསྟན་འཛིན་གྱི་བག་ཆགས་ནང་ཆར་པ་བབས་མང་ཤོས་ཀྱི་ཟླ་བ་ཞིག་རེད། ཆར་པ་འབབ་པར་མི་སྐྲག་ཀྱང་རི་སྐོར་མ་ཕྱིན་ན་འགྲིག་ཐབས་མེད། རི་སྐོར་དུས་ཚོད་ཤར་སྐབས་སུ་ནང་མི་དང་གྲོང་མི་མང་ཚོགས་ཚང་མས་ཆར་པ་ཆད་རྗེས་རི་སྐོར་དུ་རྒྱུགས་ཤིག་ཅེས་ཁ་ཏ་བསླབ་བྱ་བྱས་ཀྱང་སྐལ་བཟང་བསྟན་འཛིན་གྱིས“ཆར་པ་འབབ་སྐབས་རི་སྐོར་མ་ཕྱིན་ན་གནས་ཚུལ་ཐོན་ཚེ་གང་འདྲ་བྱེད་དམ”ཞེས་ལན་གནད་འཁེལ་རྒྱག་གི་ཡོད།
          ད་རེས་སྐྱོད་པའི་རི་སྐོར་ལམ་ནི་ལམ་ཐག་རིང་ཤོས་ཤིག་ཡིན་པ་དང་། ཡར་འཛེགས་མ་བབས་བྱེད་པར་སྤྱི་ལེ་80ཟིན་གྱི་ཡོད། ཐོ་རེངས་ཆུ་ཚོད་5པར་སྐལ་བཟང་བསྟན་འཛིན་དང་འཇམ་དཔལ་སྐལ་བཟང(2011ལོར་གྲོངས་པ་དང་། སྐལ་བཟང་བསྟན་འཛིན་ལས་ལོ 1ཆེ་བ་ཡོད)གཉིས་ཀྱིས་ལམ་རྒྱགས་ཁྱེར་ནས་ཐོན། མགྱོགས་པོ་ཇི་ཙམ་སོང་ནའང་ངལ་གསོ་རྒྱག་སར་ཕྱི་དྲོའི་ཆུ་ཚོད་4པར་སླེབས་ཐུབ་ཙམ་བྱུང་།
          ལམ་ཐག་རིང་པོ་བསྐྱོད་པ་བརྒྱུད་གནམ་གཤིས་རེ་ཞིག་གྲང་ལ་རེ་ཞིག་ཚ་བ་ཆེ་བས་ཁོ་གཉིས་ཆམ་པ་བརྒྱབ། “གངས་རི་བརྒལ་སྐབས་གནམ་གཤིས་དྲོད་ཚད་གློ་བུར་དུ་ཀླད་ཀོར་འོག་གི་ཏུའུ་བཅུ་གྲངས་སུ་སླེབས་པ་དང་། གྲོག་རོང་བརྒྱུད་སྐབས་གནམ་གཤིས་དྲོད་ཚད་སླར་ཡང་ཏུའུ་30ལྷག་ཙམ་སླེབས་ཀྱི་ཡོད་པས་གནམ་གཤིས་རེས་གྲང་རེས་ཚ་བསྟན་པས་དངོས་གནས་བཟོད་དཀའ་བ་ཞིག་འདུག”ཅེས་སྐལ་བཟང་བསྟན་འཛིན་གྱིས་བརྗོད།
          ནགས་ཚལ་ཁུལ་ཞིག་ཏུ་སླེབས་སྐབས་ལུས་པོ་ཚང་མ་རློན་པ་ཆགས་པའི་ཁོ་གཉིས་ཀྱི་མཆུ་ཏོ་སྨྱུག་པོར་གྱུར་ནས་ལུས་ཡོངས་འདར་སིག་སིག་བྱེད་པས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ཚོར་སྣང་སྐྱེས། སྐྱོད་མ་ཐུབ་པའི་སྐབས་གཅིག་གིས་གཅིག་སྐྱོར་བ་དང་ཕན་ཚུན་འཐེན་རེས་བྱས་ནས་བསྐྱོད། དེ་ལྟར་ཁོ་གཉིས་མཚན་མོའི་ཁྲོད་ཁྱར་ཁྱོར་ངང་ཁྱིམ་དུ་སླེབས་སྐབས་ཉིན་གཉིས་པའི་ཉིན་དགུང་ཟིན།
          རྟག་ཏུ་ཚེ་སྲོག་ལ་ཉེན་ཁ་འཕྲད་ཀྱང་ད་དུང་རི་སྐོར་འགྲོ་དགོས་པའི་རྒྱུ་མཚན་གང་ཡིན”ཞེས་གསར་འགོད་པས་དྲིས།
          གསར་འགོད་པའི་དྲི་བ་དེར་སྐལ་བཟང་བསྟན་འཛིན་ལན་རྒྱག་དཀའ་བར་གྱུར། འོན་ཀྱང་སྐལ་བཟང་བསྟན་འཛིན་གྱི་མིག་ལས་གསར་འགོད་པས་དེ་ནི་འགྱུར་མེད་ཀྱི་དམ་བཅའ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་སྟེ། དེ་ནི་བཤད་པའི་སྐད་ཆ་ཁ་དན་ཚིག་གནས་དགོས་པ་དང་། སེམས་གཏིང་གི་དམ་བཅའ་སྔར་བཞིན་མཐའ་འཁྱོངས་མཐའ་གཅིག་ཏུ་བྱེད་དགོས་པ་དེ་རེད།
          2012ལོར་གྲོང་ཚོའི་ལས་བྱེད་པ་ནས་ཤང་གྲོང་གི་གཞུང་ལས་པར་ལས་སྒྱུར་བྱས་པ་མ་ཟད། སླད་མོན་པ་མི་རིགས་ཤང་གི་ཤང་ཀྲང་གཞོན་པ་དང་སླད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་ཁུར་རྗེས་ཁོམ་པ་བྱུང་རིམ་བཞིན་སྐལ་བཟང་བསྟན་འཛིན་གྱིས་སྔར་བཞིན་རི་སྐོར་འགྲོ་རྒྱུ་མཐའ་འཁྱོངས་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། གང་ལགས་ཤེ་ན་དེ་ནི་ཁོང་གི་པཱ་ལགས་ལ་ཁས་ལེན་བྱས་པའི་དམ་བཅའ་ཞིག་རེད།
          རྒྱུན་འཛིན་ནི་འགན་འཁྲི་ཡིན་ལ། ཕུགས་བསམ་དོན་གཉེར་བྱེད་པ་ཡང་ཡིན།
          ཚེ་བསྟན་འཛིན་གྱི་སྐད་ཆས་སྐལ་བཟང་བསྟན་འཛིན་ལ་ཤུགས་རྐྱེན་ཐེབས་པ་དང་། སྐལ་བཟང་བསྟན་འཛིན་གྱི་སྐད་ཆས་སླར་ཡང་ནོར་བུ་ཚེ་རིང་ལ་ཤུགས་རྐྱེན་ཐེབས།
          དེ་ན་མི་རབས་ནས་མི་རབས་བར་གྱི་སླད་མོན་པ་མི་རིགས་ཤང་ལས་བྱེད་མང་ཚོགས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་སྲུང་སྐྱོང་བྱས་པ་བརྒྱུད་གཞི་ནས་ལེགས་པོའི་རྒྱུད་ཀྱི་མཐའ་མཚམས་བརྟན་ལྷིང་བྱུང་བ་མ་ཟད་རྒྱུན་མཐུད་བཞིན་ཡོད།
          ཕུན་ཚོགས་རྡོ་རྗེ་ད་ལོ་ལོ་24ལ་སོན་པ་དང་། 2015ལོར་སླད་མོན་པ་མི་རིགས་ཤང་མཉམ་འགོག་རུ་ཁག་གི་རུ་མིར་བདམས་པ་དང་འབྲེལ་འདི་ལོ་སླར་ཡང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
          ལོ་20ལ་སོན་པ་ནས་བཟུང་པཱ་དབང་ཕྱུག་ལགས་དང་མཉམ་དུ་རི་སྐོར་བསྐྱོད་རྗེས་དུས་དེ་ནས་བཟུང་ཕུན་ཚོགས་རྡོ་རྗེས་ལས་ཀ་དེར་ཧ་ཅང་དགའ་པོ་བྱེད་ཅིང་། ཁོང་གིས་དགའ་པོ་ཟེར་བ་ལས་མང་ཆེ་བ་ནི་འགན་འཁྲི་ཡིན། པཱ་ལགས་དགུང་ལོ་མཐོ་པོ་སླེབས་པས་ད་དུང་ཉེན་ཁ་ཆེ་བའི་རི་ལམ་དེ་འདྲ་བརྒྱུད་དུས་སེམས་ཀྱིས་བཟོད་ཀྱི་མི་འདུག་ཅེས་བརྗོད།
          ཕུན་ཚོགས་རྡོ་རྗེས་དགུན་དུས་གཡང་གཟར་སྒྲོལ་སྐབས་སྔོན་ལ་ལམ་ངོས་དང་གཡང་གཟར་སྟེང་གི་འཁྱག་པ་མེད་པ་བཟོ་དགོས། དེ་ལྟར་མ་བྱས་ན་ལྷོད་གཡེང་ཤོར་ཚེ་རྐང་པ་འདྲེད་བརྡར་ཤོར་ནས་གཡང་དུ་ལྷུང་གི་ཡོད། ང་ཚོ་གཞོན་ནུ་ཡང་ཞེད་སྣང་སྐྱེ་བས་ལོ་རྒན་པོ་རྣམས་རྐང་ལག་བདེ་པོ་མེད་པས་དེ་བས་ཉེན་ཁ་ཆེན་པོ་ཡོད་ཅེས་གསར་འགོད་པར་བརྗོད། ཁོང་གི་སྐད་ཆ་ལས་ས་ཆ་དེ་གའི་གཞོན་ནུའི་འགན་འཁྲིའི་བསམ་པ་ཚོར་གྱི་འདུག
          ད་ཆ་སླད་མོན་པ་མི་རིགས་ཤང་མཉམ་འགོག་རུ་ཁག་ལ་ཁྱོན་རུ་མི་10ཡོད། དེའི་ནང་ནས་མི་9ཏང་ཡོན་རེད་ཅེས་ནོར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་ཚང་མའི་ཧུར་བརྩོན་རང་བཞིན་ཆེན་པོ་ཡོད་པས་ཚང་མས་མཉམ་འགོག་རུ་ཁག་གི་རུ་མི་བྱེད་འདོད་བྱེད་ཀྱི་ཡོད་ཅེས་བརྗོད།
          སྐལ་བཟང་བསྟན་འཛིན་གྱིས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པས་མཐའ་མཚམས་ཀྱི་མི་སེར་ཡང་ཕྱུག་པོ་ཆགས་ཡོད་ཅེས་བརྗོད་པ་དང་། ད་དུང་ཁོང་གིས་སླད་མོན་པ་མི་རིགས་ཤང་གི་མང་ཚོགས་མི་རེར་ལོ་ལྟར་རྒྱལ་ཁབ་ཀྱི་མཐའ་བརྟན་དམངས་ཕྱུག་གི་ཁ་གསབ་སྐོར་5000ལོངས་སྤྱོད་བྱེད་རྒྱུ་ཡོད། གཞན་ཡང་ས་ཞིང་འདེབས་པར་འབྲུ་རིགས་ཀྱི་ཁ་གསབ་དང་། ནགས་སྲུང་ལ་ནགས་སྲུང་གི་ཁ་གསབ། རྩྭ་རར་རྩྭ་རའི་ཁ་གསབ་སོགས་ཚང་མ་བསྡོམས་ཚེ་ང་ཚོ་མི་རེར་ལོ་ལྟར་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་གཅིག་མ་ཟིན་ཙམ་ལེན་རྒྱུ་ཡོད། དེ་མིན་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱས་ནས་ང་ཚོར་ཇ་རྭ་བཙུགས་ཡོད་པས་ལོ་ལྟར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6000ཡོད་ཅེས་གསར་འགོད་པར་བརྗོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716