སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་སའི་རྗེ་འབུམ་སྒང་སྟེ། ས་མིང་ལ་བརྒྱུས་པའི་དྲན་ཤེས།
སྤེལ་དུས། 2017-12-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།
             པདྨའི་འདབས་རིས་ཀྱིས་རྣམ་པར་སྤྲོས་པའི་སྒོ་ཁུང་སྔོན་པོར་ཁྲ་ཐིག་སྣ་ཚོགས་ཤོར་འདུག་ཅིང་། གཡོན་ཕྱོགས་སུ“ར་མོ་ཆེ་རྡོ་ཟམ་སྒོ་ཆེན་སྲང་ལམ་ཨང་དང་པོའི”ཡི་གེ་སེར་པོ་རྣམས་སྔར་བཞིན་གསལ་པོར་མཐོང་ཐུབ།  སྲང་ལམ་ཆུང་ཆུང་ཞིག་གི་སུམ་མདོ་ཞིག་ན་ཁང་རྙིང་དཀར་པོ་ཞིག་མཆིས་པའི་སྒོ་ཆེན་སྟེང་དུ་“རྡོ་ཟམ”ཞེས་པའི་ཡིག་འབྲུ་གཉིས་ད་ཆའང་གསར་པ་བཞིན་དུ་མཐོང་། “རྡོ་ཟམ”འདི་ནི་རྗེ་འབུམ་སྒང་སྡོད་ཁུལ་གྱི་སྡོད་དམངས་རྣམས་ཀྱིས་རྒྱུན་པར་གླེང་བཞིན་པའི་ས་མིང་དེ་ཡིན། ཁོང་ཚོར་ཆ་མཚོན་ན། འདི་ལ་དོན་སྙིང་ཅི་ཞིག་ཡོད་དམ། 

             “རྩམ་པ་ལས་ཁུངས།”
             རྩམ་པ་ཉོ་ཚོང་ཁྲོམ་ར་དེ་དེང་རབས་ཅན་གྱི་སྣ་ཚོགས་ཚོང་ར་ཞིག་ཏུ་གྱུར། 
             ཁ་ཅིག་གིས། ས་མིང་ནི་ཉིན་རྒྱུན་འཚོ་བའི་ཁྲོད་དུ་རྒྱུན་པར་གླེང་བཞིན་ཡོད་ཅིང་། དེ་ནི་མི་རྣམས་ལ་ས་ཆ་གཏན་འཁེལ་ཞིག་གམ་ཡང་ན་ས་ཁུལ་གཏན་འཁེལ་ཞིག་གི་བརྗོད་པ་ཙམ་ལ་ངོས་འཛིན་གྱིན་ཡོད། དེ་ཡང་ཉིན་ཞིག་ང་ཚོས་ས་མིང་དེ་ཉིད་ཀྱི་ཁུངས་དེད་ནས་ཕྱིན་པའམ། ཡང་ན་སེམས་ཀྱི་གཏིང་རུམ་དུ་ཉར་བའི་དྲན་པ་ཞིག་ཁད་ཀྱིས་སོས་ཚེ། ས་མིང་ཞིག་གམ་ཡང་ན་སྒོ་རྟགས་ཤིག་གིས་ཀྱང་རྐང་འོག་གི་ས་ཆེན་འདི་རུ་འཁྱུད་པའི་ཕ་ཡུལ་གཡང་ལྡན་ཕྱུག་མོའམ་ཡང་ན་དེ་ལ་ཆགས་པའི་དྲན་པ་མཐའ་དག་སློང་སྲིད།
             རྗེ་འབུམ་སྒང་ཞེས་པའི་མིང་གི་བྱུང་ཁུངས་ཧ་ཅང་སྔ། ལྷ་སའི་གྲོང་ཁུལ་རྙིང་པར་འཆམ་འཆམ་ལ་ཕྱིན་ཚེ་ལམ་ཁ་གལ་ཆེན་འགའ་ཞིག་ཏུ་བར་སྐོར་གྱི་ལྗོངས་རྒྱུའི་ས་ཁྲ་བཀལ་ཡོད་པ་མཐོང་ཐུབ། ར་མོ་ཆེའི་ལམ་དང་པེ་ཅིང་ཤར་ལམ་གྱི་བསྣོལ་མཚམས་སུ། རྗེ་འབུམ་སྒང་དགོན་པའི་གནས་ཡུལ་རྙེད་དཀའ་བ་ཞིག་གཏན་ནས་མིན་ཏེ། དེ་ནི་མགྱོགས་ཟས་ཟ་ཁང་ཞིག་ལ་ཉེ་ཞིང་གསེར་ཞུན་སྣ་འཛོམས་སྡེབ་འཚོང་ཁྲོམ་ར་ལའང་ཉེ་བ་ཡིན། རྗེ་འབུམ་སྒང་སྡོད་ཁུལ་གྱི་སྡོད་དམངས་སྤེན་པ་ཚེ་རིང་ནི་ཆུང་དུས་ནས་འདི་རུ་ནར་སོན་པ་ཞིག་ཡིན། ད་ལྟ་རྗེ་འབུམ་སྒང་སྡོད་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང་ནང་དུ་བྱ་བ་སྒྲུབ་ཀྱིན་ཡོད། རྗེ་འབུམ་སྒང་གི་འགྱུར་ལྡོག་ནི་ཁོང་ལ་མཚོན་ན་གསལ་ཆ་ཧ་ཅང་ཡོད་པ་ཞིག་ཡིན།  
             ཁོང་གི་མདུན་ནས་ཤེས་གསལ་ལྟར་ན།  རྗེ་འབུམ་སྒང་གི་གནའ་བོའི་བཀོད་པ་ནི་ར་མོ་ཆེའི་ལམ་གྱི་སྒོ་ཆེན་2པའི་ར་སྐོར་ནང་དུ་ཡོད། སྤེན་པ་ཚེ་རིང་གིས་“གལ་སྲིད་གསེར་ཞུན་སྣ་འཛོམས་སྡེབ་འཚོང་ཁྲོམ་ར་ནས་ཕྱིན་ཚེ། དེའི་འཛུལ་སྒོའི་མཚམས་ཀྱི་ནུབ་ཕྱོགས་སུ་རང་འགུལ་དངུལ་ལེན་འཕྲུལ་ཆས་གཉིས་བཞག་ཡོད་ཅིང་། དེ་ནས་མུ་མཐུད་དུ་ནང་ཕྱོགས་སུ་ཕྱིན་ན་གཞི་ནས་ད་ལྟར་ལྷག་པའི་བཟོ་བཀོད་མཐོང་ཐུབ”ཅེས་བཤད།  
             ཉེ་སར་བཅར་ནས་བལྟས་ན། སྡོང་བོ་སྦོམ་པོའི་ཡལ་འདབས་རྣམ་པར་རྒྱས་པས།  གནའ་བོའི་བཟོ་བཀོད་རྙིང་པའི་སྟེང་ལ་གྲིབ་གཟུགས་ཕོག སྤེན་མཁར་ཡང་དུས་ཀྱི་ཆར་ཆུས་སྦངས་དྲགས་པས་མདོག་ཕལ་ཆེར་ཡལ་ནས་འདུག་ཁར། སྒེའུ་སྟེགས་ལའང་རྩྭ་ལྡུམ་གྱིས་བཀང་། མདུན་སྒོའི་འགྲམ་གྱི་བྱང་བུ་དེས་མི་རྣམས་ལ་གནས་འདི་ནི་རྗེ་འབུམ་སྒང་ཡིན་ཞིང་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཁྲོད་ནས་གསར་དུ་རྙེད་པའི་རིག་དངོས་ལྟེ་གནས་ཏེ་2010ལོའི་ཟླ་8པར་བསྒྲགས་ཞེས་གསན་འདེབས་བྱེད་བཞིན་ཡོད། 
             དེ་སྔོན་སྤེན་པ་ཚེ་རིང་གིས་ང་ལ་བཤད་རྒྱུར། གནས་འདི་ནི་སྔོན་ཆད་ཁྲེང་ཀོན་ཁུལ་འབྲུ་རིགས་ཅུས་ཀྱི་འབྲུ་ཁང་ཡིན་ཞིང་། “རྩམ་པ་ལས་ཁུངས”ཞེས་པའི་མིང་ཡང་འདི་ནས་དར་བ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས། གནས་འདི་རིམ་བཞིན་རྩམ་པ་ཉོ་ཚོང་བྱེད་པའི་ཁྲོམ་ར་ཞིག་ཏུ་གྱུར་ཅིང་། ད་ཆ་གོམ་པ་འགའ་ཞིག་གིས་བར་ཐག་ཆོད་པའི་ཚོང་ར་དེ་གཞི་རྒྱ་ཤིན་ཏུ་ཆེ་བའི་དེང་རབས་ཅན་གྱི་ཕྱོགས་བསྡུས་ཁྲོམ་ར་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད།  དེ་ཡང་རྗེ་འབུམ་སྒང་དང་“རྩམ་པ་ལས་ཁུངས”སྐོར་གྱི་དྲན་ཤེས་དེ་དག་ནི་ད་ལྟ་བཟོ་བཀོད་དང་ས་མིང་འདི་ག་ཙམ་ལ་བརྟེན་ནས་ཕྱིར་དྲན་བྱེད་དགོས་པ་རེད།  

             རྡོ་ཟམ་ལམ།
             ཆུ་མོ་གྱ་གྱུར་བཞུར་བའི་འདམ་ར་དེ་སྔ་མོ་ནས་རྡོ་གཅལ་བསྒྲིགས་པའི་ལམ་དུ་གྱུར། 
             རྗེ་འབུམ་སྒང་དང་“རྩམ་པ་ལས་ཁུངས”ལ་ཞིབ་འཇུག་གནད་དུ་འཐིང་བ་ཞིག་བགྱིས་རྗེས། རྒྱུད་འདིའི་ས་ཁྲ་ལ་ལྟ་སྐབས། ང་རང་རྡོ་ཟམ་ལམ་ཞེས་པའི་ས་མིང་འདི་ཡིས་དང་བ་དྲངས། འདི་རུ་སྔོན་ཆད་གནའ་བོའི་རྡོ་ཟམ་ཞིག་མཆིས་པ་ཡིན་ནམ། སྤེན་པ་ཚེ་རིང་གིས་“སྔོན་ཆད་རྡོ་ཟམ་ཞིག་ཡོད། འདི་ནི་གྲྭ་བཞི་དགོན་པ་སོགས་ལ་འགྲོ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཁ་ཞིག་ཡིན།”ཞེས་བཤད། རྒན་པ་རྣམས་ཀྱི་ངག་ལས་ཐོས་པ་ལྟར་ན། ར་མོ་ཆེའི་ལམ་གྱི་ཤར་ཕྱོགས་ནི་སྔོན་ཆད་འདམ་ར་ཞིག་ཡིན་ཞིང་།  རྔ་ཆེན་ཤང་ནས་བཞུར་བའི་ཆུ་མོ་དེ་སྦྲག་སྲིད་ཐོག་ཁང་གི་ཉེ་འགྲམ་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཕྱོགས་སུ་བཞུར་གྱིན་ཡོད་པ་དང་། དེ་ནས་མཐའ་མར་སྐྱིད་ཆུའི་ནང་དུ་འབབ་པ་རེད། དེ་ཡང་མི་རྟ་གཉིས་ཀ་སྟབས་བདེ་ཡོང་ཕྱིར་འདི་ལ་རྡོ་ཡི་ཟམ་པ་ཞིག་བཞེངས་པ་རེད།  སྤེན་པ་ཚེ་རིང་ལ་མཚོན་ན། རྡོ་ཟམ་ནི་སྔ་མོ་ནས་ལོ་རྒྱུས་སུ་གྱུར་ཡོད། ཁོ་རང་བྱིས་པ་ཡིན་དུས། མཚམས་འདིར་ཚོང་ཁང་མང་ཞིང་། གཙོ་བོ་ནི་ཟ་ཁང་ཆུང་བ་མང་པོ་ཡོད་པ་རེད།

             སྤེན་པ་ཚེ་རིང་གི་སྐད་ཆ་ཡིད་ལ་དྲན་ཞོར། རྡོ་ཟམ་ལམ་དང་རྡོ་ཟམ་སྲང་ལམ་དུ་བསྐྱོད་ཚེ། ལོ་ཟླས་འགྲོ་བ་སེམས་ཅན་རྣམས་ལ་བསམ་གཞིགས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས་རྟོག་བཏགས་ཀྱི་ཁོར་ཡུག་ཅིག་དབང་མེད་དུ་བསྐྱེད་ཡོང་།  སྲང་ཆུང་དུ་བསླེབས་མ་ཐག  གཡོན་ཕྱོགས་ཀྱི་སྡོད་དམངས་ར་སྐོར་གྱི་སྒོ་བྱང་སྟེང་དུ་“ར་མོ་ཆེ་རྡོ་ཟམ་སྒོ་ཆེན་སྲང་ལམ་ཨང་དང་པོ”ཞེས་རང་ཉིད་ཀྱི་ད་ལྟའི་གནས་ཡུལ་གསན་འདེབས་ཞུ་བཞིན་ཡོད།  དེ་ནས་མུ་མཐུད་དུ་མདུན་ཕྱོགས་སུ་ཕྱིན་ཚེ།  སུམ་མདོ་ཞིག་གི་མཚམས་ཀྱི་སྒོ་ཆེན་སྟེང་དུ། “རྡོ་ཟམ”ཞེས་པའི་ཡི་གེ་དཀར་པོ་དང་སྒོ་ཁུང་སྟེང་“ར་མོ་ཆེ་རྡོ་ཟམ་སྲང་ལམ”ཞེས་པའི་བྱང་བུ་ཡིས་ང་ཚོར་མུ་མཐུད་ནས་གསན་འདེབས་བྱེད་ཀྱིན་ཡོད། དེ་ནས་སྡོད་དམངས་ར་སྐོར་ནང་དུ་པདྨའི་འདབས་རིས་ཀྱིས་རྣམ་པར་སྤྲོས་པའི་སྒོ་ཁུང་སྔོན་པོར་ཁྲ་ཐིག་སྣ་ཚོགས་ཤོར་བ་ཅན་དང་། ་་་་་་
             སུམ་མདོའི་ཁང་རྙིང་དཀར་པོ་ཧ་ཅང་གོག་ཧྲུལ་དུ་གྱུར་པའི་ཚུལ་ལ་སོམས་དང་། སྔོན་ཆད་དང་ད་ལྟ་སྟེ། དུས་ཚོད་གྲག་འགུལ་ཅི་ཡང་མེད་པར་མཚམས་མ་ཆད་པར་བརྗེ་བཞིན་གདའ། ཆུ་མོ་གྱ་གྱུར་བཞུར་བའི་འདམ་ར་དེ་སྔ་མོ་ནས་རྡོ་གཅལ་བསྒྲིགས་པའི་ལམ་དུ་གྱུར། “སྒོ་ང་ཉོས་དང་”ཟེར་བའི་སྐད་སྒྲས་ང་རང་དྲན་སོས་ནས། མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་ཡིན། མདུན་ཕྱོགས་ཀྱི་དཀྱོགས་མཚམས་སུ་“རྡོ་ཟམ་མགྲོན་ཁང་”ཞེས་པའི་སྒོ་བྱང་ནི་མིག་མདུན་དུ་ལྷང་ངེར་མཆིས་པས། མི་རྣམས་ལ་ཡང་བསྐྱར་“ཟམ་ཆུང་དང་ཆུ་ཕྲན”གྱི་ལོ་ཟླ་དྲན་དུ་བཅུག 
              “ལེ་དབར་གཉིས་གསུམ་ཐེངས་གཅིག་བསྐྱོད་པས། །དུད་ལྡན་ཁྱིམ་ཚང་བཞི་ནས་ལྔ་མཐོང་།”དེ་ཡང་ར་མོ་ཆེ་ནས་པེ་ཅིང་ཤར་ལམ་དུ་འཐེན་པའི་སྲང་ལམ་ཆུང་ཆུང་འདིས་གཞི་གཅིག་ལ་བརྒྱུས་པ་ནི་ལེ་དབར་གཉིས་གསུམ་མཚམས་སུ་དུད་ཁྱིམ་བཞི་ལྔ་ཡོད་པ་ཙམ་མ་ཡིན་པར། དེའི་ཆགས་གནས་དང་“རྡོ་ཟམ”གྱི་ས་མིང་ནི་དགུན་ཟླ་རིང་མོའི་ཁྲོད་ཀྱི་སྲང་ལམ་འདིར་ཟ་ཁང་སྣ་ཚོགས་ནས་དུ་བ་འཕྱུར་བ་དང་འདྲ་བར། ཉི་མའི་འོད་ཟེར་རབ་དང་རིམ་པ་ལ་འདྲེས་པར་གྱུར་ཅིང་། འདི་ནི་ས་དྲོན་མོའི་དྲོད་འཁོལ་ལྡན་པའི་དྲན་ཤེས་ཤིག་ཀྱང་ཡིན་ནོ། །
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716