སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《བོད་ལྗོངས་གསར་རྙེད》ཅེས་པ་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱ་རྒྱུ་ཡིན་པ།
སྤེལ་དུས། 2016-11-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
  སྐབས22པའི་ཀྲུང་གོའི་དངོས་བྲིས་གློག་བརྙན་གྱི་རིག་གཞུང་མཛད་སྒོ་དང་སྐབས3པའི་ཧྲེན་ཀྲེན་ན་གཞོན་གློག་བརྙན་དུས་ཆེན་ཟླ11པའི་ཚེས11ཉིན་ནས་ཚེས14ཉིན་བར་ཧྲེན་ཀྲེན་དུ་བསྡུས། རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི1300བཏང་ནས་ཕབ་སྐྲུན་བྱས་པའི་དངོས་བྲིས་གློག་བརྙན《བོད་ལྗོངས་གསར་རྙེད》ཅེས་པ་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱ་རྒྱུ་ཡིན་ལ། གཞན་ཡང《བོད་ལྗོངས་གསར་རྙེད》ཅེས་པའི་རྩོམ་སྒྲིག་འཁྲབ་ཁྲིད་པ་ཧྥང་ཡན་ཉི་ལ་འཁྲབ་ཁྲིད་པ་གཟེངས་ཐོན་གྱི་བྱ་དགའ་དང་། འཁྲབ་ཁྲིད་པ་མ་ཞའོ་ཀང་ལ་ལོ་འཁོར་མོའི་མི་སྣའི་བྱ་དགའ་ཐོབ།
  རང་ཡུལ་གྱི་གནས་བབ་དངོས་བརྗོད་དེ། བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་མཚོན་པ།
  གསར་འགོད་པས་རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་སྟེ། བོད་ལྗོངས་ཀྱི་ཡུལ་སྐོར་མིང་གྲགས་ཚད་དང་ཤུགས་རྐྱེན་མཐོར་འདེགས་བྱས་ཏེ། སྔར་ལས་མང་བའི་ཡུལ་སྐོར་པ་བོད་ལྗོངས་ལ་ཡུལ་སྐོར་བྱེད་དུ་འགུགས་ཆེད། 2012ལོའི་ཟླ11པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི1300བཏང་ནས། པེ་ཅིང་ཐིང་ལུང་ཧྥེ་ཞང་རྒྱལ་སྤྱིའི་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་གན་རྒྱ་བཞག་སྟེ། བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་ཡུལ་སྐོར་མངོན་མཚོན་བྱེད་པའི་དངོས་བྲིས་གློག་བརྙན་ཞིག་ཕབ་སྐྲུན་བྱས་པས། བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཡུལ་ལྗོངས་མ་ལུས་རྗེན་པར་མངོན་མཚོན་བྱུང་།
  《བོད་ལྗོངས་གསར་རྙེད》ཅེས་པས་ཟུར་ཚད་གསར་པ་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་བདུན(ས་ཁུལ)གྱི་ཡུལ་སྐོར་ཐོན་ཁུངས་དང་། ཐུན་མིན་གྱི་རང་བྱུང་སྐྱེ་ཁམས། སྤྱི་ཚོགས་ཀྱི་ས་ཁམས། ཆོས་ལུགས་རིག་གནས་དང་དམངས་སྲོལ་སྒྱུ་རྩལ་སོགས་ནང་དོན་ཕབ་སྐྲུན་བྱས་ཡོད། གློག་བརྙན་དེས་བུད་མེད་ཀྱི་གཟུགས་གཞི་དང་འདྲ་བའི་གནའ་བོའི་ས་ཁྲ་དང་སྦྲེལ་ཏེ།   ལུས་ཀྱི་ཆ་གཞི་མི་འདྲ་བ་རེས་མཚོན་པའི་གྲོང་ཁྱེར་བདུན(ས་ཁུལ)སོ་སོར་ཞིབ་ཏུ་བརྗོད་ཡོད། ངག་རྒྱུན་དུ། གནའ་བོའི་ས་ཁྲ་དེས་མཚོན་པའི་གཟུགས་གཞི་ནི་སྲིན་མོ་ཞིག་ཡིན་པ་དང་། ས་ཁྲ་དེ་ཐང་གའི་ནང་ཡིབས་བཞག་ཡོད་ཅིང་། ལོ་ངོ་བརྒྱ་ཕྲག་འགའ་ཡི་རྗེས་སུ་གསར་རྙེད་བྱུང་བ་རེད།
  གློག་བརྙན་དེས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གྱི་བཀོད་པ་དང་མི་སེམས་ཀྱི་བརྩེ་བར་ལོ་རྒྱུས་ཀྱི་ངག་རྒྱུན་བསྲེས་ཏེ། ངོ་མཚར་ཞིང་ཡིད་འགུགས་ཀྱི་ནུས་པ་བླ་ལྷག་ལྡན་པའི་བོད་ལྗོངས་ཤིག་མི་རྣམས་ཀྱི་མིག་མདུན་དུ་བསྟར་ཡོད།《བོད་ལྗོངས་གསར་རྙེད》ལ་བལྟས་མྱོང་བའི་གྲོགས་པོ་མང་པོ་ཞིག་དེའི་ཐུན་མིན་གྱི་བརྗོད་སྟངས་དང་བོད་ལྗོངས་ཀྱི་ངོ་མཚར་བའི་ཡུལ་གྱི་བཀོད་པས་ཡིད་དབང་ཅིག་ཅར་ཏུ་འཕྲོག་ཡོད།
  ལོ་ངོ་གསུམ་རིང་ཕབ་སྐྲུན་བྱས་ཏེ། ལམ་ཐག་སྤྱི་ལེ66000ལྷག་སོང་བ།
  ལེའུ་གཉིས་མ་གཏོགས་མེད་པའི《བོད་ལྗོངས་གསར་རྙེད》ཅེས་པའི་གློག་བརྙན་དེ2013ལོར་ཕབ་སྐྲུན་བྱེད་མགོ་བརྩམས་པ་ནས་ད་ལོའི་ཟླ4པར་གཏོང་མགོ་བརྩམས་པའི་བར་ལོ་གསུམ་འགོར། འཁྲབ་ཁྲིད་པ་ཧྥང་ཡན་ཉི་དང་མ་ཞའོ་ཀང་གཉིས་ནི་བོད་ལྗོངས་ཀྱི་ས་གཤིས་དང་ཡུལ་སྐོར་ཐོན་ཁུངས་སོགས་ལ་ཧ་ཅང་ཆ་རྒྱུས་ལྡན་པ་སྟེ། ཁོ་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི《ཆུ་འོག་ཏུ་འཛུལ་བའི་ལོ་ངོ་བཅུ》དང 《ཆུ་མོ་ལུག་ལོའི་གནམ་མཚོ》སོགས་དངོས་བྲིས་གློག་བརྙན་ལ་རྒྱལ་ཁབ་ཕྱི་ནང་ནས་བྱ་དགའ་མང་པོ་ཐོབ་མྱོང་།
  རང་སྐྱོང་ལྗོངས་ཡུལ་སྐོར་གསར་སྤེལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་པས་བཤད་དོན། ཡུལ་སྐོར་གསར་སྤེལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་ཕབ་སྐྲུན་ཚོགས་པ་དང་ལྷན་དུ་ཁོ་ཚོའི་འཚོ་བ་དང་རོགས་རེས་འགན་སྲུང་སོགས་ཀྱི་བྱ་བའི་འགན་ཁུར་དུ་སོང་བ་དང་། ལམ་བར་དུ་རྫ་དུག་ཕོག་པ་དང་ལམ་ཐག་རིང་བ། ལམ་རྒྱུད་མི་བཟང་བ། བཟའ་བཏུང་དང་སྡོད་གནས་སྟབས་མི་བདེ་བ་སོགས་གནད་དོན་རྒྱུན་དུ་འབྱུང་མོད། འོན་ཀྱང་ཕབ་སྐྲུན་ཚོགས་པས་དཀའ་ངལ་དེ་དག་སེལ་ཐུབ་སོང་།
 《བོད་ལྗོངས་གསར་རྙེད》ཅེས་པའི་དངོས་བྲིས་གློག་བརྙན་ཕབ་སྐྲུན་བྱེད་པར་སྤྱིའི་ལམ་ཐག་སྤྱི་ལེ66000ལྷག་ལ་བསྐྱོད་པ་དང་། འགྲོ་འོང་ཐེངས49བྱས་པ་དང་། ཕབ་སྐྲུན་བྱེད་གནས370ལ་སོང་བ་དང་། ཕབ་སྐྲུན་དུས་ཚོད་ཀྱི་སྤྱིའི་རིང་ཚད་ལ་ཆུ་ཚོད590ཡིན་པ་རེད། ཤེས་གསལ་ལྟར་ན། ཕབ་སྐྲུན་ཐད་ནས་གྲོང་ཁྱེར(ཏིས)རེ་ནས་ལྗོངས་ཁུལ་གཙོ་བོ12ཕབ་ལེན་བྱ་རྒྱུའི་འཆར་གཞི་བཀོད་མོད། འོན་ཀྱང་མཇུག་མཐར་ཕབ་ལེན་བྱེད་གནས་མང་པོ་ཇེ་མང་དུ་བཏང་བ་རེད། དེར་བརྟེན། ལོ་ཙྰའི་ཐད་ལའང་ནུས་ཤུགས་མི་དམན་པ་ཞིག་བཏོན་ཡོད།
  པར་རིས་གྲངས་མེད་པ་ཞིག་བསྟར་ལ་བརྒྱུས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གྲུབ་ཅིང་། དེས་བོད་ལྗོངས་ལ་འགྲོ་འདོད་པ་དག་དང་སོང་མྱོང་བ་དག བོད་ལྗོངས་ལ་འཚོ་གཞེས་གནང་བ་དག་སུ་ཡིན་ཡང་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་མྱོང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716