སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞན་ཕན་དུ་རང་ཉིད་བློས་ཕོད་པའི་དགོན་སྡེ་བཅའ་སྡོད་ཀྱི་ཕུལ་བྱུང་ལས་བྱེད་པ་སྤེན་པ་ཚེ་རིང་ལ་དྲན་གསོ་ཞུ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྗོན་སྨྱུག་གིས་བསྒྱུར།

  ཀྲུང་གོའི་གསར་འགྱུར་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་སྤེན་པ་ཚེ་རིང་ལགས་ཀྱིས་ཆོས་ལུགས་མངའ་ཁོངས་བརྟན་བརླིང་སྲུང་སྐྱོང་གི་ལས་དང་པོར་ཡུན་རིང་ལ་ངལ་བ་ཁྱད་བསད་དང་སྐུ་སྙུང་ལ་མི་འཛེམ་པར་གཞུང་ལས་གཞོལ་བས་༢༠༡༦ལོའི་ཟླ༨པའི་ཚེས༡༥ཉིན་ནད་ལ་བཅོས་ཐབས་མ་བྱུང་བར་ཚེ་ལས་འདས། ལོ༤༧རེད། ༢༠༠༡ལོའི་ཟླ༢པ་ནས་བཟུང་ཁོང་གིས་དགའ་ལྡན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། ལྷ་ལྡན་གཙུག་ལག་ཁང་དོ་དམ་ཁང་གི་འགོ་གཙོ་གཞོན་པ། ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་བཞེས།  ལོ༢༨རིང་གི་ལས་ཀའི་ཁྲོད་དུ་ལོ་ན་བཅུ་དྲུག་གི་ལང་ཚོ་དགོན་སྡེ་བཅའ་སྡོད་ལས་དོན་ལ་སྐྱེས་སུ་ཕུལ།  ལས་ཀའི་རྣམ་འགྱུར་ཧ་ཅང་ལེགས་པས་ལྷ་ས་གྲོང་ཁྱེར་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར་དང་། ལྷ་ས་གྲོང་ཁྱེར་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་འདེམས། བོད་རང་སྐྱོང་ལྗོངས་རིམ་པའི་དགོན་སྡེ་བཅའ་སྡོད་ལས་བྱེད་ཕུལ་བྱུང་གི་མཚན་སྙན་ཐེངས་གསུམ་ལ་ཐོབ། གཟེངས་རྟགས་འདི་དག་ནི་བློ་མཐུན་སྤེན་པ་ཚེ་རིང་ལགས་ཀྱི་ཆབ་སྲིད་བསམ་བློ་འགྱུར་བ་མེད་པ་དང་།  རང་འགན་ནན་སྒྲུབ།  ལས་གནས་ལ་གོང་བཀུར།  གཞན་དོན་ལྷུར་ལེན་གྱི་རྨད་བྱུང་མི་གཤིས་དེ་ར་སྤྲོད་བྱེད་ཐུབ། སྤེན་པ་ཚེ་རིང་གི་འཚོ་བཞུགས་སྐབས་སུ་ར་མོ་ཆེ་གཙུག་ལག་ཁང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་སྒྲིག་འཛུགས་བྱེད་ཚུལ། ༢༠༡༡ལོར་བློ་མཐུན་སྤེན་པ་ཚེ་རིང་གིས་སྒྲིག་འཛུགས་ཀྱི་བཀོད་སྒྲིག་ལྟར་དུ་ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་དུ་ཕྱག་ལས་ལ་ཕེབས། ལོ་ལྔའི་ཚུན་ལ་ཁོང་ཚོགས་གཙོ་བྱས་པའི་ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་དམིགས་འབེན་དང་རྒྱལ་ཁབ་ཀྱི་ཆོས་ལུགས་དོ་དམ་ལས་དོན་གྱི་སྒྲིག་ལམ་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་པ་དང་།  ཁྲིམས་ལུགས་ཚད་ཐིག་དང་སྲིད་ཇུས་གཞིར་བཟུང་ནས་དགོན་སྡེའི་གནད་དོན་མངོན་གསལ་ཅན་ཐག་གཅོད་ལ་དམ་འཛིན་བྱས་པ་དང་།  དོ་དམ་དང་སློབ་གསོ། ཞབས་ཞུ་བཅས་བྱེད་ནུས་ཆེན་པོ་གསུམ་ལྟེ་བར་བཟུང་སྟེ་དགོན་སྡེ་དོ་དམ་བྱེད་ཐབས་གསར་བ་ཞིག་གཏོད་པ་ལ་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་། དགོན་སྡེ་བརྟན་བརླིང་དང་འཆམ་མཐུན་ཡོང་བར་སྲུང་སྐྱོབ་བྱས་པས་དགོན་སྡེ་བཅའ་སྡོད་ལས་བྱེད་པའི་འགན་སྒྲུབ་རང་རྟོགས་ཡོད་པ་དང་རྒྱ་ཆེའི་སེར་མོ་བ་རྣམས་ནང་ཞུགས་ཀྱི་རྣམ་པ་བཟང་བོ་དེ་ཆགས། ར་མོ་ཆེ་དགོན་སྡེ་དོ་དམ་ཨུ་ལྷན་ལ་ཡང་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ལྷན་དང་། བརྟན་བརླིང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང་ལ་སོགས་ཀྱི་གཟི་བརྗིད་མཚན་སྙན༢༠ལྷག་ཐོབ་པས། ཆོས་ལུགས་མངའ་ཁུངས་ཀྱི་གཞི་རིམ་གྱི་བརྟན་བརླིང་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་ཞིག་འདིང་པར་ལེགས་སྐྱེས་ཆེན་པོ་བཞག་ཡོད།
  གསར་འགོད་པས་ར་མོ་ཆེ་གཙུག་ལག་ཁང་ནས་ཤེས་གསལ་ལྟར་ན། བློ་མཐུན་སྤེན་པ་ཚེ་རིང་གིས་ལས་རྐང་ཁྲོད་དུ་རང་འགན་ཕྲག་ཏུ་བླངས་ཤིང་། དཔུང་སྡེ་ལ་རེ་བ་ནན་མོ་བཟུང་སྟེ་ལས་ཀའི་རྒྱུན་བསྐྱངས།  དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་ཁོམ་སྐབས་སུ་སྤེན་པ་ཚེ་རིང་གིས་དགོན་སྡེ་བཅའ་སྡོད་ལས་བྱེད་པ་གྲྭ་བར་འབྲེལ་འདྲིས་དང་གྲོགས་བསྒྲིགས་སུ་བཅུག་ནས་གྲྭ་བའི་བསམ་བྱ་དང་རེ་འདུན་ལ་རྒྱུས་ལོན་དང་། གྲྭ་བའི་བར་ཁ་ཁོག་མེད་པར་གླེང་མེད་བྱེད་དུ་འཇུག་པ་རེད།  ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་ལས་བྱེད་ལོ་ལྔ་བྱས་པའི་རིང་ལ། སྤེན་པ་ཚེ་རིང་གིས་རང་ངོས་ནས་སྣེ་སྟོན་དང་སྣེ་ཁྲིད་ཀྱི་མིག་དཔེ་བཟང་བོ་བཏོན་ཞིང་། སློབ་སྦྱོང་དང་ལག་ལེན་གྱི་ཁྲོད་དུ་ནམ་ཡིན་ཡང་ཐག་གཅོད་ཡང་དག་དང་རྙོག་དྲ་ཆེ་བའི་གནད་དོན་ལ་ཁ་ལོ་སྒྱུར་ཐུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རྒྱུན་མ་ལྷོད་པ་དང་། གཞུང་ཞབས་པའི་བརྩེ་སེམས་དྲི་མ་མེད་པས་སྒོ་ནས་ལས་ཀ་དང་དུ་བླངས་ནས་ཏང་ཡོན་བཟང་བོ་ཞིག་གི་སྣང་བརྙན་བཞེངས་བསྐྲུན་བྱས། ༢༠༡༣ལོའི་ལོ་མཇུག་ལ་དགོན་པའི་ནང་རྡོ་གཅལ་བཏང་བ་དང་སྒོ་ཆེན་ཞིག་གསོ། གྲྭ་ཤག་གི་ཆུ་འབུད་སྦུ་གུ་སོགས་རྨང་གཞི་སྒྲིག་ཆས་བསྒྲིགས། གྲྭ་བ་ཡེ་ཤེས་རྒྱ་མཚོས་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། སྟོན་ཀའི་མཚན་མོའི་ཆུ་ཚོད་༩ཡས་མས་ཙམ་ཞིག་ལ་ཀྲུའུ་རེན་སྤེན་པ་ཚེ་རིང་ལགས་ཨར་ལས་བྱེད་སར་ཡོང་ནས་ཨར་ལས་ག་འདྲ་ཡིན་པ་དང་རྒྱུ་སྤུས་ལེགས་མིན་ལ་ལྟ་རྟོག་ནན་མོ་བྱས་སོང་། མཚན་ནམ་ལ་ཡང་གཉིད་མ་གཟོད་པར་རང་གི་ལས་གནས་ཁོ་ན་བསམ་ཡོད་པ་མཐོང་ནས་ང་ལ་སེམས་འགུལ་ཐེབས། མཚན་མོ་དེར་ངས་ཁོང་གི་ལག་པ་འཐིམ་ནས་མདུན་དུ་སོང་བ་ཡིན། ངས་ཞེ་སེམས་པས་ཁོང་ལ་ར་མོ་ཆེ་གཙུག་ལག་ཁང་གི་གྲྭ་བ་རྣམས་ཀྱིས་ཁྱེད་ལ་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་ཞེས་ལབ་པ་ཡིན། ཁོང་གིས་ནམ་ཡིན་ཡང་ལས་ཀའི་ཁྲོད་གྲྭ་བར་ཞབས་ཞུ་སྒྲུབ་པ་གཙིགས་སུ་འཛིན་པ་དང་། དཀའ་ལས་མང་པོ་བརྒྱབ་ནས་མི་སེམས་མགུ་ཞིང་ཕྱོགས་ཀྱི་བསམ་བློ་གཅིག་ལ་སྒྲིལ་བར་འབད་པ་བྱེད། 
     ར་མོ་ཆེ་གཙུག་ལག་ཁང་གི་ལོ་རྒྱུས་ཧ་ཅང་རིང་བས་དགོན་པའི་རྨང་གཞི་སྒྲིག་བཀོད་རྙིད་ཧྲུལ་དུ་གྱུར་ནས་སྐྱོན་འདྲ་མིན་བྱུང་ཡོད་པ་དེ་སྤེན་པ་ཚེ་རིང་ལགས་ཀྱིས་གོང་རིམ་ཏང་ཨུ་དང་སྲིད་གཞུང་། རིག་དངོས་ཅུས་སོགས་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་བ་བྱས་ཏེ་རྒྱབ་སྐྱོར་དང་རོགས་རམ་གནང་བར་བརྩོན་ལེན་བྱས། ལོ་འགའི་ཚུན་ལ་མ་དངུལ་སྒོར་ཁྲི3248.2ཚགས་བསྒྲིགས་བྱས་ཏེ་གསེར་ཏོག་དང་། སྐོར་ལམ་གྱི་ལྡེབས་རིས། རྒྱལ་ཆེན་བཞིའི་སྐུ་འདྲ་བཅས་ཞིག་གསོ་དང་། དགོན་པའི་ཁྲུས་ཁང་དང་གསོལ་ཁང་གསར་འཛུགས། གྲྭ་ཤག་ཞིག་གསོ།   བདེ་འཇགས་དང་མེ་ཟོན་སྲུང་སྐྱོབ་ཀྱི་སྒྲིག་གཞི་ཆ་ཚང་སོགས་བསྒྲིགས་ནས་གྲྭ་བའི་འཚོ་བ་དང་སྒྲུབ་སྦྱོང་ལ་ཁོར་ཡུག་ལེགས་པོ་བསྐྲུན། གྲྭ་བའི་རིག་གནས་ཀྱི་བྱང་ཚད་ཅུང་དམན་ཚུལ་ཤེས་རྗེས་ཁོང་གིས་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དགོན་པའི་ནང་རིག་གནས་གསབ་སྦྱོང་གི་འཛིན་གྲྭ་གཉེར་ནས་གྲྭ་བའི་ཤེས་རིག་གི་བྱང་ཚད་ཇེ་མཐོར་གཏོང་ཞོར་ལ་ཏང་དང་སྲིད་གཞུང་གིས་བཏོན་པའི་དགོན་སྡེ་དང་གྲྭ་བ་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་སྟེ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་དང་། ཁྲིམས་ལུགས་ཀྱི་རོགས་སྐྱོར་སྲོལ་ཡིག མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་སྒྲིག་སྲོལ་སོགས་ཇི་བཞིན་དུ་ཁྱབ་བསྒྲགས་ཡག་པོ་བྱས་པས། གྲྭ་བ་རྣམས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན། གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་ལ་ཡང་ཁོང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ་དགོན་པ་དོ་དམ་བྱེད་ཐབས་དང་བྱེད་སྟངས་ཀྱི་ཆ་ལ་བསམ་བློ་མང་པོ་བཏང་ནས་གསར་གཏོད་རང་བཞིན་གྱི་ལས་བསྒྲུབས། ༢༠༡༣ལོའི་ལོ་མཇུག་ལ་ཁྲེང་ཀོན་ཆུས་ཀྱིས་དགོན་སྡེར་དགེ་འདུན་ལྔའི་མཉམ་ལས་མཉམ་སྒྲུབ་ཅེས་པ་དང་། སྐར་རིམ་དཔྱད་བསྡུར་ཞེས་པ་སོགས་སྤེལ་བའི་ལས་ཀའི་དགོངས་དོན་ལ་སྦྱར་ནས་སྤེན་པ་ཚེ་རིང་གིས་ཐོག་མར་ར་མོ་ཆེ་གཙུག་ལག་ཁང་དུ་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱས་པ་དང་། སྐར་རིམ་དཔྱད་བསྡུར་ལེགས་སྒྲུབ་ཀྱི་དྲ་བའི་རྣམ་གཞག་གི་ལས་རིམ་གསལ་བོ་རི་མོར་བཀོད་དེ་དཔྱད་བསྡུར་ལས་ཀའི་ལག་དེབ་བསྒྲིགས། ལས་དེ་༢༠༡༣ལོའི་བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་གྱིས་དགོན་པའི་དོ་དམ་གསར་གཏོད་ཀྱི་དཔེ་མཚོན་ལྡན་པའི་ཉམས་མྱོང་ཞིག་ཏུ་བརྩིས་ཏེ་དེ་གའི་དུས་དེབ་ཐོག་ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱིས་དགོན་པའི་དོ་དམ་ལས་ཀར་ཤུགས་སྣོན་དང་ལས་ཀ་གསར་གཏོད་ཀྱི་ཁྲོད་དུ་བྱེད་ཐབས་བཟང་པོ་ཞིག་རྙེད་ཡོད་པས་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་པ་ཡིན་ཞེས་འདོན་ཐེངས་རིམ་པ་གསུམ་ནང་དུ་བསྟུད་མར་བཀོད།
  ཚེ་མཇུག་གི་ལོ་ཟླ་དེ་དག་ལ་ཁོང་གིས་སྐུ་སྙུང་ལ་མ་འཛེམ་པར་སྔར་བཞིན་དུ་ལས་ཀར་ཞུགས་ཏེ་ཁྲེང་ཀོན་ཆུས་ཀྱིས་དགོན་པའི་དོ་དམ་གསར་གཏོད་དང་ཤུགས་སྣོན་པ་དེ་ལོ་ངོ་ལྔ་འཁོར་བའི་ལས་ཀའི་སྤྱི་སྡོམ་བྲིས་ཏེ་ར་མོ་ཆེ་གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་བརྗེ་རེས་གསུང་བཤད་ཀྱི་རྒྱུ་ཆར་དྲངས། ར་མོ་ཆེ་གཙུག་ཁང་དོ་དམ་ཨུ་ལྷན་གྱི་དྲིལ་སྒྲོག་སྒྲོམ་གཞིའི་རི་མོ་དཔྱད་འབེབས་བྱས། ལས་བྱེད་པ་ཉི་མས་འདི་སྐད། ༢༠༡༣ལོའི་བོད་ཀྱི་ལོ་གསར་ལ་དགོན་སྡེར་བཅའ་སྡོད་ལས་བྱེད་པས་མཚན་གང་བོར་ལས་རེས་ཀྱིས་མཆོད་མཇལ་མང་ཚོགས་བསུ་བའི་དུས་ལ།  སྤེན་པ་ཚེ་རིང་ལགས་ནམ་གོང་གི་ཆུ་ཚོད་གསུམ་ཐོག་རྐང་པ་སྐྲངས་ནས་མོག་མོག་འདྲ་བོ་ཞིག་ཆགས་ཀྱང་ཕྱིར་ལོག་དགོས་ཀྱི་ཁ་ཏ་ག་ཚད་བྱས་ཀྱང་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༧བར་དུ་བསྡད་བྱུང་། དེ་ནས་བཟུང་ང་ཚོས་ཁོང་གི་སྐུ་གཟུགས་བདེ་བོ་མིན་པ་ཤེས་ནས་ནམ་རྒྱུན་དུ་ནང་ལ་ལོག་གྱིས་ངལ་གསོ་ཡག་པོ་རྒྱག་དགོས་ཀྱི་ཁ་ཏ་ཡང་ཡང་བྱས་མོད། ཁོང་གིས་ལས་ཀ་འདི་རྫོགས་རྗེས་བཤད་འོང་ཞེས་ལབ་ནས་ཕྱི་བཤོལ་ཡང་ཡང་བྱས་ནས་ངལ་གསོ་བརྒྱབ་མ་བྱུང་ཞེས་ཟེར། ༢༠༡༡ལོར་ར་མོ་ཆེ་གཙུག་ལག་ཁང་དུ་ཕྱག་ལས་གནང་ནས་བཟུང་བློ་མཐུན་སྤེན་པ་ཚེ་རིང་གིས་ལས་ཀའི་གུང་གསེང་བཏང་མྱོང་མེད་ལ་ནང་མི་དང་ལྷན་དུ་ལོ་གསར་ཡང་རོལ་མྱོང་མེད་པ་རེད།
  སྤེན་པ་ཚེ་རིང་ཡོད་པས་ཞེས་གྲྭ་བ་མང་པོ་དོ་དམ་ཨུ་ལྷན་དུ་ཡོང་མ་ཐག་སྤེན་པ་ཚེ་རིང་ལགས་བཙལ་ཡོང་། ཆེ་བ་ན་ཚས་སྨན་ཁང་དུ་སྡོད་པ་ནས་ཆུང་བ་བརྙན་འཕྲིན་ལ་བརྡ་རྟགས་མེད་པ་ལ་སོགས་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ང་ཚོས་ཐོག་མར་ཁོ་བཙལ་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་ལ། དོན་དག་ཅི་ཞིག་འཕྲད་ཀྱང་རྒན་སྤེན་པ་ལགས་བཙལ་རྒྱུ་དེ་ཚང་མའི་གོམས་སྲོལ་ཞིག་ཏུ་གྱུར། ཁོང་གིས་ཀྱང་ལམ་སང་དགོན་པར་བཅའ་སྡོད་ལས་བྱེད་མངག་ནས་ཐག་བཅད་ཡོང་གི་རེད་ཅེས་དགོན་པའི་གྲྭ་བ་རྣམས་ཀྱིས་བཤད་བྱུང་། ད་ལོའི་ཟླ་དྲུག་པའི་ནང་ལ་སྤེན་པ་ཚེ་རིང་ལགས་སྙུང་གཞི་ཇེ་དྲག་ཏུ་གྱུར་ནས་སྨན་ཁང་དུ་བསྡད། གྲྭ་བ་རྣམས་ཀྱིས་འདྲི་དུས་ལས་ཀའི་གུང་གསེང་གཏོང་གི་ཡོད་ཅེས་གསང་ཐབས་བྱེད།  ཁོང་ཚེ་འདས་ཀྱི་གནས་ཚུལ་གོ་མ་ཐག་ར་མོ་ཆེ་གཙུག་ལག་ཁང་གི་གྲྭ་བ་རྣམས་མ་སྐུལ་རང་རྟོགས་ཀྱིས་ཁོང་གི་ནང་དུ་ཕེབས་ནས་བསྔོ་སྨན་གྱི་རིམ་གྲོ་བསྒྲུབས། ཡེ་ཤེས་རྒྱ་མཚོས་འདི་སྐད།  སྤེན་པ་ཚེ་རིང་འདས་གྲོངས་ཀྱི་གནས་ཚུལ་གོ་རྗེས་ང་ཚོ་སང་གི་ནང་མོར་དགོན་པའི་གྲྭ་བ༡༣སྤེན་པ་ཚེ་རིང་གི་ནང་ལ་བསྔོ་སྨོན་གསུངས་པར་ཕྱིན་པ་ཡིན། ཉིན་གསུམ་པར་འདུ་ཁང་གི་ལས་རེས་པ་ཕུད་པའི་གྲྭ་བ༥༠ལ་ཉེ་བ་ཁོང་གི་འདས་མཆོད་སྒྲུབ་པར་ཕྱིན། འདི་ནི་ང་ཚོས་ཁོང་གི་མི་གཤིས་བཟང་བོ་དང་དྲིན་དྲན་པའི་ཐབས་ཙམ་ཡིན་ཟེར། གྲྭ་བ་རིན་རྡོས་ལས་བྱེད་པས་ཁ་ནས་སྤེན་པ་ཚེ་རིང་གྲོངས་སོང་བ་གོ་མ་ཐག་རྩ་བ་ནས་ཡིད་མ་ཆེས་པར་ཐད་ཀར་སྤེན་པ་ཚེ་རིང་གི་ནང་ལ་ཕྱིན། བེམ་པོ་མཐོང་རྗེས་ད་གཟོད་དོན་དངོས་ཡིན་པ་ཚོར་ནས་མིག་མཆུ་ཤོམ་ཤོམ་དུ་འདོན་ཞོར་མི་བཟང་པོའི་ཚེ་ཇི་འདྲའི་ཐུང་བ་ལ་ཨང་། ཁོང་གིས་ང་ཚོའི་དགོན་པ་དང་གྲྭ་བ་ལ་དོན་དག་མང་པོ་ཞིག་བསྒྲུབས་ཡོད། འདི་ལྟར་གྱེས་སོང་བ་ཇི་འདྲའི་ཕངས་པ་ལ་ཞེས་ངུ་སྨྲས་བྱས་བྱུང་། ར་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་དགོན་པའི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་གྲགས་ལགས་ཀྱིས་ཡིད་སྐྱོ་པོ་ངང་ནས་ཁོང་འདི་ལྟར་འགྲོ་བ་བསམ་ཡིད་ལའང་མ་ཤར་ཟེར། ལས་བྱེད་བསྟན་འཛིན་གྱིས་ཕྱིར་དྲན་གྱི་ཚུལ་དུ། རྒན་བསྟན་འཛིན་ལགས་སྨན་ཁང་དུ་སྨན་བཅོས་བྱས་ནས་དུས་རིང་པོ་མ་སོང་ཙམ་ལ་ཁོང་གིས་ད་དུང་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཆེད་དུ་ཏང་གི་སློབ་ཁྲིད་ཐེངས་གཉིས་བྱས། ར་མོ་ཆེ་གྲྭ་བ་རྣམས་ལ་ཁྲིམས་ལུགས་དྲིལ་སྒྲོག་གི་བྱེད་སྒོ་ཐེངས་གསུམ་སྤེལ། དུས་རྒྱུན་ཁོང་ལ་མཆིན་ནད་ཀྱིས་གཙེས་པས་བཟའ་བཏུང་གང་ཡང་སྤྱོད་ཐུབ་ཀྱི་མེད་ན་ཡང་ལས་གནས་བརྟན་སྲུང་དང་།འབད་འབུངས་ཧུར་བརྩོན་གྱི་བློ་ཤུགས་དྲག་པོ་མ་ཉམས་པར་ལས་བྱེད་དང་ལས་བཟོ་བའི་བདེ་ཐང་འཚར་ལོངས་དང་། རྒྱ་ཆེའི་གྲྭ་བ་རྣམས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་ཡག་པོ་ཞིག་ཆགས་པ་མཐའ་གཅིག་ཏུ་ཐུགས་ལ་བཟུང་བས་རང་ཉིད་ཀྱི་བདེ་སྡུག་རྩ་བ་ནས་བོར། སྤེན་པ་ཚེ་རིང་ལགས་ཀྱིས་ལོ་གསུམ་རིང་སྙུང་གཞི་ལ་མ་འཛེམ་པར་ལས་ཀ་བསྒྲུབས་པས་ཐང་ཆད་ནས་ཚེ་ལས་འདས། ཁོང་གིས་ནང་མི་དང་གྲོགས་པོ་སྡུག་ལ་བརྒྱབ་ཡོད་རུང་ཏང་ཡོན་ཞིག་དང་དགོན་པའི་བཅའ་སྡོད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཁོང་ནི་སྒེར་སེམས་མེད་པའི་མི་ཕུལ་དུ་བྱུང་བ་ཞིག་ལགས་པས་ཏང་དང་དགེ་འདུན་སྡེ་ཀྱི་མི་ཆེན་ཞིག་ཡིན་ཞེས་ར་མོ་ཆེ་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་ཚེ་ཡིས་དེ་སྐད་བཤད་བྱུང་། སྤེན་པ་ཚེ་རིང་འཚོ་བཞུགས་ཀྱི་རིང་ལ་མི་དམངས་ཀྱི་ཁེ་ཕན་ལས་ཀུན་གྱི་གལ་ཆེན་དུ་བཟུང་བ་དང་། ཤ་ཉེ་རིང་མེད་པར་གཞན་དོན་ལྷུར་ལེན་ལ་རང་གི་བྱ་སྤྱོད་ཐོག་དོན་དུ་གཉེར་ནས་དགོན་པར་བཅའ་སྡོད་ཀྱི་འགོ་ཁྲིད་ལས་བྱེད་ཅིག་གི་མི་ཚེ་མཚར་སྡུག་དེ་མངོན་ཡོད་ལ། དེང་རབས་གུང་ཁྲན་ཏང་ཡོན་ཞིག་གི་ཏང་ལ་བློ་དཀར་ཞིང་མངོན་སུམ་འཛེམ་མེད་ཀྱིས་བློས་གཏོང་ཕོད་པའི་སྙིང་སྟོབས་དེ་མཚོན་ཡོད། ད་ནི་ཁོང་ཉིད་ཆེས་དགའ་ཞེན་ཆེ་བའི་ལས་གནས་སུ་རིང་དུ་གྱེས་སོང་ཡང་ཁོང་གི་སྙིང་སྟོབས་དེ་ང་ཚོ་དགོན་པའི་བཅའ་སྡོད་ལས་བྱེད་རྣམས་ཀྱིས་སྐུལ་ལྕག་གི་ཚུལ་དུ་སེམས་ལ་བཟུང་ཞིང་། ཁོང་ཉིད་མིག་དཔེར་བཟུང་སྟེ་ལས་ཀ་ཏན་ཏིག་དང་རང་འགན་འཁུར་དུ་བླངས་ནས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་ངེས།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716