སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད།
སྤེལ་དུས། 2017-03-15   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཐུས་མིས་མི་རིགས་མཐུན་སྒྲིལ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྲོས་བསྡུར་འཁྲུག་པོ་བྱས་པ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་གནང་གི་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མི་རིགས་མཐུན་སྒྲིལ་ཐད་མཛུབ་ཁྲིད་གལ་ཆེན་གནང་ཞིང་། ཟླ་3ཚེས་11ཉིན་གྱི་དགོང་མོ་སླར་ཡང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུར་ཕེབས་ནས་བྱམས་བརྩེའི་བཀའ་མོལ་རེ་རེས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་མི་རྣམས་ལ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས་པའི་སྐུལ་མ་བཏང་ཡོད། དེས་ན་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་འཐུས་མི་དང་ཨུ་ཡོན་ཚོའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད།
  ཚང་མས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་བཞིན་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་མདུན་སྐྱོད་ཁྲོད་ལག་གདང་སྦྲེལ་ནས་འབད་འཐབ་དང་མཉམ་དུ་ཕུགས་བསམ་འགྲུབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
  “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ཞེས་གསུངས་ཡོད། བཀའ་མོལ་དེས་རང་ཉིད་ལ་མྱོང་ཚོར་སྣང་ཧ་ཅང་ཆེན་པོ་བྱུང་།‘ང་ཚོའི་དབར་གྱི་བརྩེ་བ་ཇ་དང་ཚྭ་ལྟར་རེད’ཅེས་པའི་བོད་ཀྱི་གཏམ་དཔེ་དེ་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་མོ་ཡོད་པ་མཚོན་ཐུབ”ཅེས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་བློ་བཟང་བསྟན་པས་གསུངས་ཤིང་། ཁོང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཐོན་སྐྱེད་དང་འཚོ་བའི་ནང་ཕན་ཚུན་རོགས་རམ་དང་དཔལ་འབྱོར་དང་རིག་གནས་ཐད་ཕན་ཚུན་སློབ་སྦྱོང་བྱེད་བཞིན་ཡོད་པས། ཁྱེད་ཁྲོད་བདག་གནས་པ་དང་བདག་ཁྲོད་ཁྱེད་གནས་པ་ཟེར་བ་སྔ་ས་ནས་ཁ་འབྲལ་ཐབས་མེད་པའི་གོང་བུ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
  དེང་སྐབས་སི་ཁྲོན་ས་མཐོའི་བོད་རིགས་ས་ཁུལ་དུ་འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་མང་བ་དང་དེ་བས་ལེགས་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་སྦིར་སྨན་གྱི་སྨན་པ་འབུམ་རམས་པ་འཐུས་མི་ཡུམ་མཚོས་གཞི་རིམ་དུ་ལོ་30ལྷག་ཙམ་ཕྱག་ལས་གནང་ཡོད། ཁོང་གིས་དོ་ཁུར་ཆེ་ཤོས་གནང་ས་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་རེད།“ཉེ་བའི་ལོ་ཤས་རིང་སི་ཁྲོན་ས་མཐོའི་བོད་རིགས་ས་ཁུལ་གྱིས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་ཡོད། མེས་རྒྱལ་གྱི་ས་ཕྱོགས་ཁག་ནས་ཕེབས་པའི་སྨན་དོན་མི་སྣས་སྨན་རིན་མི་དགོས་པར་ཐུམ་འབུའི་ནད་ཕོག་པའི་ནད་པ་ཁྲི་1.5ལ་སྨན་བཅོས་གནང་བས་གྲུབ་འབྲས་བཟང་པོ་ཐོབ་ཡོད”ཅེས་ཡུམ་མཚོས་གསུངས་ཤིང་། ཁོང་གིས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བྱུང་ཚེ་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཀྱི་དམངས་འཚོའི་བྱ་གཞག་གཞི་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཐུབ་ཅེས་གསུངས་པ་རེད།
  “ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ན་ནིང་ང་ཚོའི་ཤང་གི་ཞིང་འབྲོག་པའི་སྡོད་ཁང་སྒྱུར་བཀོད་ལས་གྲྭ་ཚང་མ་ལེགས་གྲུབ་བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཀྱང་སྔོན་ཆད་དང་བསྡུར་ན་ཧ་ཅང་མཐོ་རུ་ཕྱིན་ཡོད”ཅེས་བོད་ཀྱི་འཐུས་མི་ཚོགས་པའི་སྒོ་འབྱེད་ཉིན་མོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བདེ་ཞིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པད་མ་ཆོས་སྒྲོན་གྱིས་ཡིད་ཆེས་ཆེན་པོའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཕ་ཡུལ་གྱི་འགྱུར་ལྡོག་ངོ་སྤྲོད་གནང་ཞིང་། ཁོང་གིས“མིག་སྔར་ང་ཚོས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་པའི་ལས་དོན་སྤེལ་འགོ་བཙུགས་པས། ཏང་གི་མི་རིགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ང་ཚོའི་འཚོ་བ་སྔར་བས་ལེགས་སུ་འགྲོ་ངེས་རེད”ཅེས་གསུངས་པ་རེད།
  ཡུན་ནན་བོད་རིགས་ས་ཁུལ་མང་ཆེ་བ་མཐོ་གྲངས་རི་ཁུལ་དུ་གནས་པ་དང་དགུན་དུས་ཧ་ཅང་གྲང་བས་དུས་ཡུན་རིང་པོའི་ནང་ཡུལ་དེའི་ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིས་མེ་བཏང་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཐུས་མི་ཝང་ཧྲུའུ་ཧྥུན་གྱིས“ཀྲུང་དབྱང་གི་རྒྱབ་སྐྱོར་འོག ཡུན་ནན་བོད་རིགས་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི‘ལོ་ལྔ་ཚན་བཅུ་གསུམ་པའི’བོད་རིགས་ས་ཁུལ་གྱི་ཆེད་དོན་འཆར་འགོད་ནང་བཅུག་ནས་2017ལོ་ནས་2020ལོའི་བར་ལེགས་གྲུབ་བྱ་རྒྱུ་རེད། རྣམ་གྲངས་དེ་བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི‘སེམས་སྐྱིད་འདུ་འགོད’ཅིག་ཏུ་འགྱུར་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཡུན་ནན་བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་ཚོར་བ་བྱ་རྒྱུ་རེད”ཅེས་གསུངས།
“ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་དུས་དང་རྣམ་པ་ཀུན་དུ་མི་རིགས་ས་ཁུལ་གྱི་མི་དམངས་ཐུགས་ལ་བཅངས་བས། ང་ཚོར་སྐུལ་ལྕག་ཆེན་པོ་བྱུང་ལ་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ང་ཚོའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་སོང”ཞེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་འཐུས་མི་བཀྲ་ཤིས་དབྱངས་ཅན་གྱིས་གསུངས་ཤིང་། ཁོང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་དགོངས་དོན་དང་མི་རིགས་ས་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་དང་དམིགས་སར་དོན་འཁྱོལ་བྱས་ནས་ཚང་མའི་སྣེ་འཁྲིད་དེ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་གསུངས།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716