སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཏིང་ཡེ་ཤན་གྱིས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་དུ་བརྟག་ཞིབ་གནང་།
སྤེལ་དུས། 2017-03-15   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཕེབས་ནས་བོད་ལྗོངས་ས་མཐོའི་འབྲི་གཡག་དཀར་ཆུ་མ་རྐང་ཚད་ཡོད་ཀུང་སི་དང་ནས་ཆང་བཟོ་གྲྭའི་ས་འདེམས་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་ད་ཕན་ལོ་ཤས་རིང་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་ལས་དོན་སྙན་སེང་དང་བསམ་འཆར་གྲོས་འགོ་གསན་པ་རེད།
  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྲིད་གཞུང་གི་དྲུང་ཆེ་ཧྥང་ལིང་མིན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
  ཏིང་ཡེ་ཤན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་གཞི་རྟེན་གལ་ཆེན་ཡིན་པའི་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་སྣེའུ་ཁུལ་གསར་གྱིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། གསར་གཏོད་སྐུལ་སྤེལ་མཐའ་འཁྱོངས་བྱེད་པ། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གལ་ཆེན་འབུལ་དགོས། གཅིག་ནས་གསར་སྤེལ་ཁུལ་དང་ཐོན་ལས་གླིང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བཟུང་བའི་གནས་བབ་གལ་ཆེན་དང་ནུས་པར་ངོས་འཛིན་གང་ལེགས་བྱེད་དགོས། དཔལ་འབྱོར་གྱི་སྣེ་ཁྲིད་དང་སྐུལ་སྤེལ་ནུས་པར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གསར་སྤེལ་ཁུལ་འདི་ཉིད་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་དང་ས་ཁོངས་ཐོན་ལས་ཁྱབ་ཚུལ་ལེགས་སྒྲིག་བྱེད་པའི་གཞི་རྟེན་གལ་ཆེན་དུ་འགྱུར་བར་བྱེད་པ་དང་འབྲེལ་གསར་གཏོད་སྐུལ་སྤེལ་དང་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་འགྱུར་བར་བྱེད་དགོས།
གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་ཁུལ་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ངོ་བོ་ཉིད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱེད་དགོས། བབ་བསྟུན་འཆར་འགོད། བབ་བསྟུན་སྒུལ་སྐྱོད། བབ་བསྟུན་ལས་སྒྲུབ། བབ་བསྟུན་ཡར་བརྩོན་བཅས་བྱས་ཏེ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”ཡིས་གསར་སྤེལ་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས།
  གསུམ་ནས་གསར་སྤེལ་ཁུལ་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་བསྒྱུར་ནས་གླིང་ཁུལ་གྱི་སྲིད་ཇུས་ལེགས་ཆ་དང་། ལས་གཏོད་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་ཆ། མ་དངུལ་གཏོང་སྒྲིལ་གྱི་སྟེགས་བུའི་ཞབས་ཞུའི་ལེགས་ཆ་བཅས་འདོན་སྤེལ་གྱིས་ལྟེ་བའི་འགྲན་རྩོད་ནུས་པ་སྐྱེད་སྲིང་དང་། ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། གསར་གཏོད་སྐུལ་སྤེལ་མངོན་འགྱུར་བཅས་བྱེད་དགོས།
  བཞི་ནས་ལེགས་ཆ་འདོན་སྤེལ་གྱིས་དངོས་ཚན་དཔལ་འབྱོར་རྒྱས་སྟོབས་ཆེ་རུ་བཏང་སྟེ་གསར་སྤེལ་ཁུལ་གྱི་ཁེ་ལས་རྒྱུན་མཐུད་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁྱབ་ཁོངས་གསར་པ་རྒྱ་སྐྱེད་དང་། ལས་རྣམ་གསར་པ་འཕེལ་རྒྱས། མདོ་གནས་གསར་པ་སྐྱེད་སྲིང་། ལས་ཞུགས་རྒྱ་སྐྱེད་གཏོང་བའི་གཤོང་ཚད་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ། ཐོན་ལས་གཅིག་སྡུད་ཀྱི་མཐོ་ས་སྐྲུན་པ། ཐོན་ལས་མཉམ་འགུལ་མངོན་འགྱུར་བཅས་བྱས་ཏེ་གླིང་ཁུལ་གྱི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས།
  ལྔ་ནས་གསར་གཏོད་སྐུལ་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་མཐོ་རུ་གཏོང་དགོས། སྔར་བས་གསར་གཏོད་སྐུལ་སྤེལ་ལ་བརྟེན་ནས་ཐོན་ལས་ལྗང་མདོག་ཅན་དང་ལྗང་མདོག་ཐོན་ལས་ཅན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གསར་སྤེལ་ཁུལ་ལྗང་མདོག་དང་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་སྐྲུན་དགོས།
  དྲུག་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་དགོས། ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་འབྲས་དང་ནུས་པ་ཆེ་རུ་གཏོང་བ་དང་ཆབས་ཅིག་ཁྲིམས་ལྟར་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པའི་ཐབས་ལམ་ཞིབ་འཇུག་བྱས་ནས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
བདུན་ནས་གླིང་ཁུལ་གྱི་འཕེལ་རྒྱས་ཀྱི་ལམ་ལྷོངས་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་ཁྱབ་གདལ་བཏང་ནས་སྐར་ཁུང་དང་། དཔེ་སྟོན། ཁྱབ་འགྱེད། སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་གླིང་ཁུལ་འཕེལ་རྒྱས་ཐད་དཔྱད་གཞིར་འཛིན་ཆོག་པ་དང་། ལད་མོ་བྱ་རུང་བ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་ཉམས་མྱོང་བྱེད་ཐབས་གསར་གཏོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716