སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡིས་བརྙན་ལམ་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-03-23   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་དང་ཏེང་ཞའོ་ཀང་གིས་གཙོ་སྐྱོང་གནང་བ།
          ཟླ་3ཚེས་21ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་ཡིས་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་འཛུགས་པ་དང་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ནས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཐོག་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཕེབས་པ་རེད།
          རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཝུའུ་དབྱིང་ཅེས་ལས་རེས་མི་སྣར་བྱམས་བརྩེའི་ངང་ཕྱག་བཏང་ནས་འཚམས་འདྲི་ཞུས་པ་དང་འབྲེལ་བརྙན་ལམ་མ་ལག་བརྒྱུད་གྲོང་ཁྱེར(ས་ཁུལ)བདུན་གྱི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད།
          ཝུའུ་དབྱིང་ཅེས་འདི་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བརྙན་ལམ་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་བརྟན་ལྷིང་སྲུང་སྐྱོང་གི་དུས་བབ་ལ་ཁ་གཏད་ཧུར་ཐག་གཅོག་པ། དོགས་ཟོན་ཆེན་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བཅས་བྱས་པས“དུས་ཆེན་གསུམ”དང་། འཚུབ་ཆ་ཆེ་བའི་དུས་ཚོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རིང་བཅས་སུ་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་ཐུབ་པར་ཀྲུང་དབྱང་འགོ་ཁྲིད་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་བསྟན་གནང་བ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱིས་མངགས་གཏོང་བྱས་པའི་གཙོ་གནད་དགོན་སྡེ་དང་གྲོང་ཁྱེར་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བློ་མཐུན་གྱིས་འགན་ནན་ཏན་འཁུར་ནས་ས་ཁུལ་དང་རྫོང་དང་དགོན་སྡེར་ཡུན་རིང་བསྡད་ཅིང་། གྲོང་ཚོ་དང་། གྲོང་རྡལ། སྡེ་ཁུལ་བཅས་སུ་བསྐྱོད་དེ་གཙོ་གནད་རྫོང་དང་ཤང་དང་། འགག་གནད་ཁུལ། འགག་རྩའི་ལྷུ་ཚིགས་བཅས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་དོགས་ཟོན་ལས་ཀར་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་ནུས་ལྡན་སྤེལ་རྒྱུའི་འགན་ལེན་བྱས་པ་རེད། རྒྱ་ཆེའི་དཔུང་སྡེའི་དཔོན་དམག་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་དང་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་གཞི་རིམ་ཏང་ཡོན་དང་ལས་བྱེད་པས་འཐབ་ཕྱོགས་དང་པོར་བརྟན་སྲུང་གིས་བསམ་ཡུལ་ལས་འདས་པའི་དཀའ་ངལ་མང་པོ་ཁྱད་དུ་བསད་པ་དང་རྔུལ་ཆུ་མང་པོ་བཏོན་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་བློ་མཐུན་ཚོ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་བརྩེ་བ་ཆེན་པོས་གསུངས།
          ཝུའུ་དབྱིང་ཅེས་དེང་སྐབས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་སྤྱིའི་དུས་བབ་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་དགྲ་ཡའི་གནས་ཚུལ་དང་སྤྱི་ཚོགས་གནས་ཚུལ་གྱི་དུས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བས། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཆང་བ་དང་ཁྱིམ་སྲུང་གི་འདུ་ཤེས་དང་ཁྱིམ་སྲུང་གི་འགན་འཁྲི་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱེད་པའི་མཐོ་ཚད་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་མཐོ་ཚད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་བཅས་ནས་དེང་སྐབས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཡང་འབད་བསྐྱར་འབད་དང་། འགན་འཁྲི་འཁུར་ཕོད་པ། རང་འགུལ་གྱི་ནུས་པ་འདོན་པ་བཅས་བྱས་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་གཡས་གཞོགས་གཡོན་འདེགས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
          གཅིག་ནས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་དགོས། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་འཕྲད་པའི་ཛ་དྲག་ཆེ་བའི་དུས་བབ་གསལ་རྟོགས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་དང་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་བ། ལྷོད་གཡེང་གི་བསམ་བློ་དང་འཐབ་རྩོད་ལ་སུན་སྣང་སྐྱེ་བའི་བསམ་པ། སྟེས་དབང་གི་བསམ་པ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། “རྒྱང་སྐྱོད་ཀྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་གཏན་འཁེལ་ཟིན་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་བར་གོ་སྐབས་གཏན་ནས་མེད་པར་བྱེད་པ་དང་མི་སུ་འདྲ་ཞིག་གིས་ཀྱང་བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་ཧ་ཅང་བཟང་པོར་གཏོར་བཤིག་གཏན་ནས་གཏོང་དུ་མ་བཅུག་པར་སྤྱི་ཚོགས་སྤྱི་ཡོངས་ནས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
          གཉིས་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་ཚུགས་དང་། རང་བདག རང་སྒྲུབ་བཅས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ངེས་པར་དུ་སྲུང་དགོས་པའི་རྩ་དོན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ས་མཚམས་ཕྱི་རོལ་གྱི་ཕྱོགས་གཏོགས་ཀྱིས་ཁ་ལོ་སྒྱུར་མི་ཐུབ་པ་བྱ་རྒྱུ་དགོན་སྡེའི་དོ་དམ་གྱི་མཐའ་ཚད་དུ་བརྩི་བ་བཅས་བྱས་ཏེ་ཁྲིད་སྟོན་བྱེད་ལ་ཤུགས་རྒྱག་པ་དང་བདེན་ཡོད་ཞུམ་མེད་ཀྱི་སྒོ་ནས་ཆོས་ལུགས་ཁྱབ་ཁོངས་ལ་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁྲིད་སྟོན་བྱེད་ཐབས་ཡག་པ་དང་ནུས་པ་ཐོན་པ་བྱས་ཐོག་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་འགན་ལེན་བྱེད་པ་དང་། དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
          གསུམ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་། ཁྲིམས་ལྟར་མི་རིགས་ཁག་གི་སྤྱི་དམངས་ཀྱི་འདྲ་མཉམ་ཁེ་ཕན་སྲུང་སྐྱོང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ནང་དོན་གསར་པ་རྒྱུན་ཆད་མེད་པ་སྣོན་དགོས།
          བཞི་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་རྣམ་གྲངས་འགངས་ཆེན་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་དང་། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་མ་དངུལ་དང་རྣམ་གྲངས་དེ་བས་མང་བ་རྫོང་དང་ཤང་གི་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུའི་སེམས་ཐག་བཅད་དེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་པ་དང་ཐོབ་ཚོར་དང་སྐྱིད་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
          ལྔ་ནས་དབུལ་སྒྲོལ་འགག་སྒྲོལ་དང་ལྷག་པར་དུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ས་ཁུལ་དང་གྲོང་ཁྱེར་ཁག་གི་དབུལ་སྒྲོལ་འགག་སྒྲོལ་དང་ལྷག་པར་དུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་ས་ཁུལ་དང་གྲོང་ཁྱེར་ཁག་ལ“གྲུབ་འབྲས་ཐོན་པར་ང་ཙམ་མིན་པའི”བསམ་བློ་བརྟན་པོ་འཆང་རྒྱུར་སྐུལ་ལྕག་བཏང་སྟེ་དོན་དངོས་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་གྱིས་དབུལ་སྐྱོར་གནས་སྤོ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་དང་ཐོན་སྐྱེད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྨང་གཞིའི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། མང་ཚོགས་དབུལ་པོ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་དང་ཁ་བྲལ་མི་དགོས་པ། སྒྲུབ་ཤེས་པ་དང་སྒྲུབ་ཐུབ་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་དབུལ་པོ་ཁྱིམ་དང་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཞུགས་ཐུབ་པ་བྱེད་དགོས།
          ཝུའུ་དབྱིང་ཅེས་ད་དུང་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ས་ཁུལ་དུ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་ཆེད་མངགས་ནན་བཤད་གནང་བ་རེད།
          ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716