སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༼ཁ་བཏགས་༽ཀྱི་ས་གནས་ཚད་གཞི་དངོས་སུ་ལག་བསྟར་ཁྱབ་བསྒྲགས་བྱས་པ།
སྤེལ་དུས། 2017-03-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྣམ་རྒྱལ་གྱིས་བསྒྱུར།
  ལོ་ངོ་གཉིས་ཀྱི་རིང་ལ་རྒྱུན་མཐུད་ཀྱིས་ཁུངས་འཚོལ་ར་སྤྲོད་དང་ལེགས་བཅོས་བརྒྱུད་དེ་རང་སྐྱོང་ལྗོངས་ཚད་གཞི་གཏན་འབེབས་ཞིབ་འཇུག་ཁང་དང་ལྷ་ས་གྲོང་ཁྱེར་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུའུ་སོགས་ལས་ཁུངས་ཀྱིས་བྲིས་པའི་བོད་རང་སྐྱོང་ལྗོངས་ས་གནས་ཀྱི་ཚད་གཞི་ཅན་གྱི་༼ཁ་བཏགས༽(DB/T 0114-2017)ཞེས་པ་ཉེ་ལམ་དངོས་སུ་ལག་བསྟར་ཁྱབ་བསྒྲགས་བྱས། ༼ཁ་བཏགས༽ཀྱི་ས་གནས་ཚད་གཞིའི་ཡིག་ཆའི་ཁྲོད་ཁ་བཏགས་ཐོན་རྫས་ཀྱི་ལག་རྩལ་ཐད་ཀྱི་བླང་བྱ་དང་གུས་སྲོལ་མཛད་སྒོ་སྟེང་གི་སྤྱོད་ལུགས་སོགས་གཏན་འབེབས་གནང་ཡོད་ལ། ཚད་གཞི་འདི་ལག་བསྟར་ཁྱབ་བསྒྲགས་བྱས་པ་ཡིས་ཁ་བཏགས་ཀྱི་ཇུས་འགོད་དང་། ཐོན་སྐྱེད། ཉོ་ཚོང་། བེད་སྤྱོད་སོགས་འབྲེལ་ཡོད་ཁྱབ་ཁོངས་བཅས་ལ་མཛུབ་སྟོན་གྱི་ནུས་པ་འདོན་རྒྱུ་དང་། འདི་ནི་བོད་ལྗོངས་ཀྱིས་ཁ་བཏགས་ཐོན་རྫས་འབྲེལ་ཡོད་ཀྱི་ཚད་གཞི་ཐེངས་དང་པོ་བཟོས་པའང་ཡིན། 
  རིགས་མང་ཞིང་སྤུས་ཀ་འདྲ་མིན་ཡིན་པས་ཁ་བཏགས་ཀྱི་ཚོང་རའི་སྒྲིག་ལམ་རྙོག་འཛིང་དུ་བཏང་བ།
  ཁ་བཏགས་ལ་ཁ་དར་ཡང་ཟེར་ཞིང་། དར་གོས་དང་། སྲིང་བལ་གྱི་རས། སོ་རས་སོགས་ཀྱིས་འཐག་པ་ཞིག་ཡིན་ལ། སྤྱིར་བཏང་འཐག་པའི་ཁ་བཏགས་སྟེང་དུ་བཀྲ་ཤིས་སྨོན་འདུན་མཚོན་པའི་རི་མོ་དང་ཡི་གེ་ཡོད་པ་དང་། སྤྱི་ཚོགས་སྟེང་མིའི་བར་འགྲོ་འོང་དང་ཆོས་ལུགས་ཀྱི་བྱེད་སྒོའི་ཁྲོད་གུས་འབུལ་དུ་སྤྱོད་པ་ཞིག་ཡིན། རགས་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་སུ་ལོ་ལྟར་ཚོད་དཔག་བྱས་ན་ཁྱོན་བསྡོམས་རིན་ཐང་དམངས་སྒོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཀྱི་ཁ་བཏགས་འཛད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་བོད་རིགས་ནི་ཁ་བཏགས་འབུལ་སྤྱོད་མང་དུ་བྱེད་མཁན་གྱི་མི་རིགས་ཤིག་ཡིན།
  ཁ་བཏགས་ནི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་པའི་ཆ་ནས། མིག་སྔར་ལྗོངས་ཡོངས་ཀྱི་ཚོང་རར་ཕྱིར་འཚོང་གི་ཚད་འབོར་ངེས་ཅན་ལྡན་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་ཀྱང་ཡག་པོ་ཐོན་མོད། འོན་ཀྱང་ཁ་བཏགས་ཀྱི་རིགས་མང་ཞིང་སྤུས་ཀ་འདྲ་མིན་ཡིན་པས་དེའི་རིན་གོང་ལ་གཞི་འཛིན་ས་མེད་པ་ཆགས་ཡོད་རྐྱེན། ཚོང་རའི་སྒྲིག་ལམ་ད་དུང་རྙོག་འཛིང་གི་ཚུལ་དུ་གནས་ཡོད་པ་རེད། 
  ངོ་སྤྲོད་གནང་བ་ལྟར་ན། ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞིའི་ཞིབ་འཇུག་དང་གཏན་འབེབས་ཀྱིས་བོད་རིགས་ཀྱི་ཁ་བཏགས་རིག་གནས་ལ་དེ་བས་ཀྱང་སྲུང་སྐྱོབ་བྱེད་ཐུབ་པ་དང་། ཁ་བཏགས་ཀྱི་ཚོང་རའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་པར་རམ་འདེགས་ཀྱི་ནུས་པ་འདོན་ཐུབ་པ་མ་ཟད། ཐོན་ལས་བདེ་ལེགས་ངང་གོང་དུ་འཕེལ་བར་མངོན་འགྱུར་བྱུང་སྟེ་ཐོན་རྫས་སྤུས་ལེགས་ཅན་དུ་བརྩོན་ལེན་དང་། དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་དགེ་མཚན་དོན་སྙིང་ཅན་ལྡན་པ་ཡིན། 
  ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞིའི་ནང་ཐུམ་སྒྲིལ་དང་དབོར་འདྲེན་སོགས་ཀྱི་ནང་དོན་འདུས་ཡོད།
  རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་ངོ་སྤྲོད་གནང་བ་ལྟར་ན། ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞིའི་ནང་དོན་གཙོ་བོ་རུ་ཁྱབ་ཁོངས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་འདྲེན་སྤྱོད། ཐ་སྙད་དང་གོ་དོན། ལག་རྩལ་གྱི་བླང་བྱ། གུས་སྲོལ་སྤྱོད་སྒོ། བདེ་འཇགས་ལག་རྩལ་ཐད་ཀྱི་བླང་བྱ། ཚོད་ལྟ་བྱེད་ཐབས། མ་དཔེ་ཟུར་ལེན། སྒྲིག་སྲོལ་གཏན་འབེབས་དང་ཐུམ་སྒྲིལ། མཚོན་རྟགས། དབོར་འདྲེན་དང་ཉར་ཚགས་བཅས་ཁག་༡༠འདུས་ཤིང་། ནང་དོན་དེ་དག་ལ་བཟོ་འགོད་ཚོ་ཆུང་དང་ཆེད་མཁས་ཀྱིས་ཡང་དང་བསྐྱར་དུ་ཉམས་ཞིབ་དང་བརྟག་དཔྱད་གནང་བ་མ་ཟད། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་གཏན་འབེབས་གནང་བ་ཞིག་ཡིན། 
  རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་མཚམས་སྦྱོར་གནང་དོན། དཔེར་ན། ལག་རྩལ་ཁྲོད་ཀྱི་རྒྱུ་ཆའི་ཐད་ཁ་བཏགས་ཀྱི་ལོ་རྒྱུས་ལ་ཟུར་ལྟ་དང་འབྲེལ་ཡོད་ཆེད་མཁས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་མིག་སྔར་གྱི་ཐོན་སྐྱེད་བཟོ་རྩལ་དང་ཟུང་འབྲེལ་བྱས་ཡོད། དུས་མཚུངས་སུ་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞན་པར་གཞིགས་ནས་བཟོ་འགོད་ཚོ་ཆུང་གིས་གྲོས་མོལ་གནང་སྟེ་ཁ་བཏགས་ཐོན་སྐྱེད་བྱེད་པའི་རྒྱུ་ཆ་དེ་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་མི་གནོད་པའི་རྒྱུ་ཆ་བཀོལ་སྤྱོད་བྱེད་དགོས་པར་གཏན་འབེབས་གནང་ཡོད་ཞེས་བཤད། 
  ཁ་བཏགས་ཀྱི་ཁ་དོག་དང་། རི་མོ། ཡི་གེ། རྒྱུ་ཆ། སྤྱོད་སྒོ་སོགས་ཀྱི་སྐོར་ལ་ཐོག་མར་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཡིག་ཆ་དང་འབྲེལ་ཡོད་དཔྱད་རྩོམ་ལ་ཟུར་ལྟ་བྱས་པ་དང་། དེ་ནས་འབྲེལ་ཡོད་ཁྱབ་ཁོངས་དེའི་ཆེད་མཁས་ལ་བཅར་འདྲི་བྱས་པ་ཡིན། མཇུག་མཐར། ཆེད་མཁས་ཀྱི་ཞིབ་གྲོས་ཚོགས་འདུ་ཐེངས་གཉིས་དང་བཟོ་འགོད་ཚོ་ཆུང་གི་བགྲོ་གླེང་ཐེངས་མང་བརྒྱུད་དེ་ཕྱོགས་བསྡོམས་བྱས་ནས་གྲུབ་པ་ཡིན། 
  ཁ་བཏགས་ཀྱི་བདེ་འཇགས་ལག་རྩལ་ཐད་ཀྱི་བླང་བྱ་དང་། ཚོད་ལྟ་བྱེད་ཐབས། མ་དཔེ་ཟུར་ལེན། སྒྲིག་སྲོལ་གཏན་འབེབས། མཚོན་རྟགས། ཐུམ་སྒྲིལ། དབོར་འདྲེན། ཉར་ཚགས་དང་བཅས་ཡོད་ཚད་ཁ་བཏགས་ཀྱི་ཚོང་རའི་གནས་ཚུལ་དང་། བེད་སྤྱོད་ཀྱི་གནས་ཚུལ། ཐོན་རྫས་རང་སྟེང་གི་ཁྱད་གཤིས་སོགས་དང་ཟུང་འབྲེལ་བྱས་ཏེ་བབ་མཚུངས་ངང་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་བླང་བྱ་བཏོན་པ་ཡིན་ཞེས་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུའུ་ཡི་འབྲེལ་ཡོད་ལས་བྱེད་མི་སྣས་ལབ་བྱུང་།
  འབུལ་སྲོལ་དང་འབུལ་ཡུལ་མི་འདྲ་བར་དམིགས་ནས་ཕྲ་ཞིབ་ཀྱིས་རིགས་སྣ་བགོས་པ།
  གོང་དུ་བརྗོད་པ་བཞིན་ཁ་བཏགས་ཀྱི་རྒྱུ་ཆ་ནི་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་མི་གནོད་པ་ཡིན་དགོས་ཏེ། ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞི་གཏན་འབེབས་སུ་ཁ་བཏགས་ཀྱི་རྒྱུ་ཆ་རུ་རས་དང་། དར་གོས། སོ་རས། ཁུ་ལུ། བལ། ཤིང་། རྩྭ་སོགས་རང་བྱུང་གི་ཚི་སྣ་འདུས་པ་མ་ཟད། མིས་བཟོས་དར་གོས་དང་མིས་བཟོས་རས་ཆ་སོགས་མིས་བཟོས་ཚི་སྣ་ཡང་འདུས་ཡོད། དེ་ཡང་ཁ་དོག་གི་ཆ་ལ། དཀར་སེར་སྔོ་ལྗང་དང་ཁ་དོག་སྣ་ལྔ་ཅན་ཡོད་ལ། དུས་རྒྱུན་བཀོལ་ཆེ་བ་ནི་ཁ་དོག་དཀར་པོ་ཡིན་ཞིང་། ཁ་དོག་སྣ་ལྔའི་ཁ་བཏགས་ནི་ལྷར་མཆོད་འབུལ་དང་ཡང་ན་མདའ་ཤིང་སོགས་དམིགས་བསལ་གྱི་གནས་སུ་སྤྱོད་པ་ཡིན།
  ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞི་གཏན་འབེབས་སུ་ཁ་བཏགས་ཀྱི་རི་མོ་རུ་གཙོ་རིས་དང་། མཐའ་རིས། སྤྱོད་མཁན་སོ་སོས་གཏན་འཁེལ་བྱས་པའི་རི་མོ་བཅས་འདུས་ཡོད་པ་མ་ཟད། རྒྱུན་དུ་སྤྱོད་པའི་རི་མོ་དེ་དག་གི་མ་དཔེ་དང་ཤིས་ཚིག་སོགས་ཀྱང་བཀོད་ཡོད། དེ་ལྟར་བྱེད་དོན་ནི་ནོར་སྐྱོན་སྣ་ཚོགས་མི་འབྱུང་བའི་ཆེད་ཡིན་ཞེས་ལས་བྱེད་ཅིག་གིས་ནན་བཤད་བྱས། དེ་ཡང་ཁ་བཏགས་ཀྱི་རིང་ཐུང་དང་། ཆེ་ཆུང་། ཁ་དོག་སོགས་སོ་སོའི་འདོད་པ་བཞིན་ཇུས་འགོད་བྱེད་ཆོག་པ་ཡིན། དེ་མིན་ཁ་བཏགས་འབུལ་སྲོལ་མི་འདྲ་བ་ཡོད་རྐྱེན། ༼ཁ་བཏགས་༽ཀྱི་ས་གནས་ཚད་གཞིའི་ཟུར་བཀོད་ཁྲོད་དེའི་རིགས་དབྱེ་བ་གསལ་པོ་དགར་ཡོད་དོ། །
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716