སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ལུས་རྩལ་པ་ཨེ་སེ་ཨོ་པི་ཡ་ར་རྡོག་ཐོན་བྱས་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གྲབས་བཞིན་འདུག
སྤེལ་དུས། 2017-04-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གསེར་གླིང་པས་བསྒྱུར།
  2017ལོའི་ཝུའུ་ཀན་བརྡའི་འཛམ་གླིང་ཐང་ཆེན་བང་རྒྱུག་འགྲན་ཚོགས་ལ་ཞུགས་མ་ཐག་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་དང་བོད་པའི་རུ་མི་དྲུག ཨའེ་སའེ་ཨོ་པི་ཡའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་རྩལ་སློབ་བྱེད་ཡུལ་སུའུ་ལུའུ་ཐ་གྲོང་རྡལ་དུ་ཕྱིར་ལོག་སྟེ་ཡང་བསྐྱར་སྦྱོང་བརྡར་གྱི་ལས་ལ་བྲེལ་བཞིན་འདུག སྟོབས་རྒྱལ་གྱིས་ཁ་པར་བརྒྱུད་དེ་ཀྲུང་ཤིན་གསར་འགྱུར་ཁང་གི་གསར་འགོད་པར།“ཐེངས་འདིར་མཉམ་ཞུགས་ཀྱི་ལུས་རྩལ་པ་ནི་འཛམ་གླིང་གི་ལུས་རྩལ་པ་རྩེ་གྲ་ཏག་ཏག་ཡིན་འདུག དེ་ཡང་ཨང་འབྲས་ཡག་པོ་ཞིག་ལོན་ཐུབ་མ་སོང་ནའང་། ང་ཚོས་རྒྱུན་ལྡན་གྱི་ཆུ་ཚད་བཏོན་ཟིན་ཡོད་ལ། སྔོན་དཔག་གི་གྲུབ་འབྲས་ལས་ཡག་པོ་ཞིག་འཁྱོངས་འདུག”ཅེས་བཤད། 
  སྟོབས་རྒྱལ་ནི་ཀྲུང་གོ་བོད་ལྗོངས་ཀྱི་རྒྱང་ཐག་རིང་འབྲིང་གི་ལུས་རྩལ་པ་ཡིན་ལ། ཁོ་རང་དེ་སྔོན་མི་ལོ་ཉེར་གསུམ་གྱི་སྐབས་སུ་ཀྲུང་གོའི་འཐུས་ཚབ་བྱས་ཏེ་ལི་ཡོལ་ཨོ་རྩལ་འགྲན་བརྡར་དང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་འགྲན་ཚོགས་དང་། འཛམ་གླིང་ཐང་ཆེན་བང་རྒྱུག་འགྲན་བརྡར་སོགས་རྒྱལ་སྤྱིའི་འགྲན་བརྡར་གྲངས་མང་ལ་ཞུགས་མྱོང་ཡོད་ལ། ཁོ་ནི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཤུགས་རྒྱུན་རྣམ་གྲངས་སུ་ཚུད་པའི་བོད་ཀྱི་ལུས་རྩལ་པ་ཐོག་མའང་ཡིན། 
  ད་ལོའི་སྤྱི་ཟླ1པའི་ཚེས་15ཉིན། སྟོབས་རྒྱལ་ནི་རྩལ་སློབ་རུ་ཁག་དང་ལྷན་དུ་ཨའེ་སའེ་ཨོ་པི་ཡའི་སུའུ་ལུའུ་ཐ་གྲོང་རྡལ་དུ་རྡོག་ཐོན་བྱས་པ་དང་། དེའི་ཕྱི་ཉིན་ནས་བཟུང་རྩལ་སློབ་ལ་ཞུགས་འགོ་བརྩམས་པ་རེད། ཉིན་རེར་སྤྱི་ལེ་བཞི་ཅུའི་སྦྱོང་ཚད་རྒྱུན་འཁྱོངས་བྱེད་པ་དང་། རྩལ་སློབ་བྱེད་གནས་ལ་རི་ལམ་དང་ས་ལམ། གཞུང་ལམ་བཅས་ཁོར་ཡུག་འདྲ་མིན་བརྗེ་རེས་ཀྱིས་བཀོད་སྒྲིག་བྱས་ཏེ། ཉིན་རེའི་རྩལ་སློབ་ཀྱི་དཀའ་ཚད་ཤིན་ཏུ་ཆེན་པོ་འདུག           
  བསྟུད་མར་ལོ་ངོ་བཞི་རིང་ལ། སྟོབས་རྒྱལ་གྱིས་ཨའེ་སའེ་ཨོ་པི་ཡ་རུ་དུས་ཐུང་རྩལ་སློབ་བྱས་མྱོང་ཡོད་ལ། ཐེངས་འདིར་ཁོ་རང་གནས་དེ་གའི་སྙན་གྲགས་ཆེ་བའི་མ་ལ་སུང་རྒྱང་རྒྱུག་རྩལ་འཁྲིད་པ་ཧ་ཅི་དང་ལྷན་དུ་རྩལ་སློབ་བྱེད་བཞིན་ཡོད། ཁོ་དང་མཉམ་དུ་རྩལ་སློབ་བྱེད་པའི་སྤྲོ་སྐྱིད་ཁང་གི་ཁོངས་མི་ལ་ད་དུང་འཛམ་གླིང་རང་བཞིན་གྱི་རྒྱང་ཐག་རིང་འབྲིང་གི་ལུས་རྩལ་པ་གང་མང་ཡོད།  
  སྟོབས་རྒྱལ་གྱིས“སྐད་བརྡ་མི་འཕྲོད་པའི་སྟབས་ཀྱིས་ཕྱི་གླིང་པའི་རུ་མི་དང་འབྲེལ་འདྲིས་བྱེད་ཁག་པོ་འདུག དེ་བས་དུས་ཡུན་མང་ཙམ་གྱི་རིང་ལ་ངས་ནི་ཁོ་ཚོའི་ཐབས་རྩལ་གྱི་ཁྱད་ཆོས་དང་གཟུགས་པོའི་ནུས་རྩལ་གྱི་ཁྱད་ཆོས། རྩལ་སློབ་བྱེད་ཐབས། མཐའ་མའི་གདོང་མཆོང་བྱེད་ཐབས་བཅས་ལ་ལྟ་ཞིབ་བྱས་ཏེ། རང་ཉིད་ཀྱི་མི་འདང་བའི་ཆ་དེ་འཚོལ་བ་ཡིན”ཞེས་བཤད། 
  ཀྲུང་གོའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བརྡར་སླེབས་ལ་ཉེ་བའི་སྐབས་འདིར། སྟོབས་རྒྱལ་གྱིས་རྩལ་སློབ་ལ་ལྷོད་གཡེང་ཅུང་ཙམ་ཡང་བྱེད་ལོང་མེད་པར།“ད་ལོའི་ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནི་ངས་འབད་འཐབ་བྱེད་པའི་་དམིགས་འབེན་ཡིན་ལ། གྲུབ་འབྲས་ཡག་པོ་ཞིག་བླངས་ཏེ་རང་ཉིད་དང་རང་ཉིད་ལ་ཐུགས་ཁུར་གནང་མཁན་ཡོངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་རེ་སྨོན་བྱེད་བཞིན་ཡོད”ཅེས་བཤད།  
  རུ་གྲོགས་ཚེ་རིང་མཚོ་མོའང་སྟོབས་རྒྱལ་དང་མཚུངས་པར་བོད་ལྗོངས་རང་ས་ནས་སྐྱེ་བ་ཞིག་རེད། མོ་རང་ཡང་རྒྱལ་སྤྱི་རང་བཞིན་གྱི་འགྲན་བརྡར་གང་མང་ཞིག་ལ་ཞུགས་མྱོང་བ་རེད། ཁོ་མོས་བཤད་རྒྱུར། ས་དེ་གའི་མཚོ་ངོས་མཐོ་ཚད་ལ་རྨི་2750ཡོད་པ་དེ་ནི་བོད་ལྗོངས་ཉིང་ཁྲི་དང་ཕལ་ཆེར་འདྲ་པོ་ཡོད་པ་རེད་། ཚང་མ་ས་མཐོའི་ས་ཁུལ་ལ་གཏོགས་པ་རེད། ཡིན་ཡང་རང་རྒྱལ་ནས་ཕྱིར་ཐོན་ཏེ་འཛམ་གླིང་རང་བཞིན་གྱི་ལུས་རྩལ་པ་དང་ལྷན་དུ་རྩལ་སློབ་བྱེད་པའི་ཉམས་ལེན་ནི་འདྲ་ཡོང་མ་རེད། འདིས་མོ་རང་གི་མིག་རྒྱང་ཆེར་བསྐྱེད་པར་མ་ཟད། ཐབས་རྩལ་ཐད་ལའང་མཐོར་འདེགས་གང་ལེགས་བྱུང་སོང་ཟེར།  
  ཚེ་རིང་མཚོ་མོས“ང་རང་ཆེས་རློམ་སེམས་སྐྱེས་པ་ནི། འཛམ་གླིང་སྟེང་ཆེས་མིང་དུ་གྲགས་པའི་རྒྱག་ཐག་རིང་འབྲིང་གི་ཁྱིམ་རྒྱུད་དེ། རྡེ་པཱ་པཱའི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་པོ་དང་མཉམ་དུ་རྩལ་སློབ་བྱེད་ཐུབ་པ་རེད། ཁོ་མོ་ཚོས་ལུས་སྟེང་ནས་ང་ལ་སློབ་སྦྱོང་གང་མང་ཞིག་ཐོབ་པ་སྟེ། དེ་ནི་ཐབས་རྩལ་གྱི་ཕྱོགས་ཁོ་ན་ཙམ་མ་ཡིན་པར་ཁོ་ཚོས་ལུས་རྩལ་ལ་བཅངས་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དེ་རེད།”ཅེས་བཤད། 
  ཐེངས་རེ་རེའི་རྩལ་སློབ་ནི་ཐོད་བརྒལ་ཐེངས་རེ་ཡིན་སྲིད། འདི་ནི་ཚེ་རིང་མཚོ་མོའི་ཟླ་གཉིས་ལྷག་གི་རིང་ལ་རྩལ་སློབ་རྒྱུན་འཁྱོངས་ཁྲོད་རྒྱུན་པར་སླེབས་ཐུབ་པ་ཞིག་རེད།“མཐའ་མར་ཆུ་ཚད་ག་འདྲ་སླེབས་ཡོང་མིན་ལ་མི་ལྟ་བར་མིག་སྔར་ཆེས་གལ་འགངས་ཆེ་བ་ནི་ཞན་ཆ་འཚོལ་རྙེད་བྱས་ཏེ་རེ་རེ་མཐིལ་རྟོལ་བར་བྱེད་རྒྱུ་དེ་ཡིན།”ཟེར། 
  ཚེ་རིང་མཚོ་མོས། ཉིན་རེའི་རྩལ་སློབ་ཀྱི་ཆུ་ཚོད་ཤིན་ཏུ་དམ་པོ་ཡོད་པ་ཞིག་སྟེ། ཞོགས་པའི་ཆུ་ཚོད་ལྔ་པར་སྤྱི་ལེ་བདུན་ཅུའི་ཕྱི་རོལ་དུ་གནས་པའི་རྩལ་སློབ་ར་བའི་ནང་དུས་ཐོག་ཏུ་ཐོན་དགོས་པ་རེད། དེ་ཡང་ཉིན་རེའི་རྩལ་སློབ་ལ་ཆུ་ཚོད་བརྒྱད་ལས་མེད་ཀྱང་། ཡིན་ཡང་ནམ་རྒྱུན་རྩལ་སློབ་ར་བ་དང་མལ་ཁང་གི་བར་དུ་འགྲོ་འོང་བྱེད་པའི་ལམ་ཐག་ཁོ་ན་ཙམ་ལའང་ཆུ་ཚོད་བཞི་ལྷག་དགོས་པ་རེད་ཅེས་ངོ་སྤྲོད་བྱས། 
  ཉིན་རྒྱུན་གྱི་རྩལ་སློབ་ཤུགས་ཚད་ཤིན་ཏུ་ཆེ་བ་རེད། བོད་ལྗོངས་རུ་ཁག་གི་རྒྱང་ཐག་རིང་འབྲིང་གི་རྩལ་འཁྲིད་པ་སྐལ་བཟང་ཚེ་རིང་གིས་ཁོ་ཚོར་ཤིན་ཏུ་སྙིང་རྗེ་པོ་ཡོད་པར། དུས་ཚོད་གང་འཚམས་བཙལ་ཏེ་ལུས་རྩལ་པ་ཚོར་ངལ་གསོ་བྱེད་ཡོང་གི་རེད། དེ་ཡང་ལུས་རྩལ་པར་འཚོ་བཅུད་འདང་ཚད་ཡོང་སླད། ཁོང་གིས་ནམ་རྒྱུན་ཞོགས་ཟས་གཡོས་སྦྱོར་བྱེད་པ་རེད། སྐབས་འགར་ཐུག་པ་བསྐོལ་བ་དང་མཚམས་རེར་བོད་ཇ་དང་རྩམ་པ་ཡིན། གཞན་ད་དུང་ཉིན་མ་རེ་འགའི་ནང་ལུས་རྩལ་པ་ཚོར་ཐུན་མིན་གྱི་བོད་ཟས་ཤ་མོག་དང་ལ་ཕུག་ཚགས་ཤ་བཙོས་མ་གཡོས་སྦྱོར་བྱེད་པ་རེད། 
  སྐལ་བཟང་ཚེ་རིང་གིས“བྱིས་པ་འདི་ཚོ་ནི་བོད་ལྗོངས་ཀྱི་རྒྱག་ཐག་རིང་འབྲིང་རུ་ཁག་ཁྲོད་ཀྱི་རྩེ་གྲ་ཏག་ཏག་རེད། རྒྱལ་ཁབ་དང་བོད་ལྗོངས་ཀྱིས་ཁོ་ཚོ་ལ་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད་རེད། ཐེངས་འདིར་རྩལ་སློབ་ལ་རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་དོ་དམ་ལྟེ་གནས་ཀྱིས་ང་ཚོར་ལོ་ཙཱ་བ་གཅིག་དང་རུ་ཁག་སྨན་པ་གཅིག་བཅས་རྩལ་སློབ་ཐད་ལ་ཕྱོགས་མང་འགན་ལེན་བྱས་འདུག ང་ཚོར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཡོད་པར་བརྟེན། བོད་ལྗོངས་ཀྱི་ཕུལ་བྱུང་ལུས་རྩལ་པ་གང་མང་ཞིག་ཕྱི་ལ་ཐོན་ཐུབ་པ་བྱུང་ཡོད།”ཅེས་བཤད།
  2011ལོར་ས་མཐོའི་ཤུགས་རྒྱུན་གསར་སྤེལ་འཆར་གཞི་ལག་བསྟར་བྱས་པ་ནས་བཟུང་། ཀྲུང་གོ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་ལྗོངས་ཀྱི་རྒྱང་ཐག་རིང་་འབྲིང་རྣམ་གྲངས་ལ་ཤུགས་སྣོན་ཆད་མེད་གནང་ཡོད་པ་རེད། 
  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཅུས་ཀྲང་གཞོན་པ་ལུའུ་ཅན་ཅིན་གྱིས་བསྟན་དོན། རྒྱང་ཐག་རིང་འབྲིང་རྣམ་གྲངས་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་ཐད་ཀྱི་ཞན་ཆ་ཡིན་པ་དང་། ས་མཐོའི་ཤུགས་རྒྱུན་གསར་སྤེལ་འཆར་གཞི་ལག་བསྟར་བྱས་རྗེས། བོད་ལྗོངས་ཀྱིས་ཤུགས་རྒྱུན་ཅན་གྱི་རྒྱག་ཐག་རིང་འབྲིང་གི་མི་སྣ་“ཐོན་སྐྱེད་འབོར་གྲངས་”བཏོན་ཡོད།
  2017ལོར་ཀྲུང་གོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་བརྡར་ནི་ཐན་ཅིན་དུ་སྤེལ་རྒྱུ་རེད། ཐེངས་འདིའི་འགྲན་བརྡར་སླད་དུ་ཨའེ་སའེ་ཨོ་པི་ཡར་རྩལ་སློབ་བྱེད་པའི་བོད་ལྗོངས་རུ་ཁག་གི་རྒྱང་ཐག་རིང་འབྲིང་གི་ལུས་རྩལ་པ་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་རྩལ་སློབ་བྱས་ཏེ། ཉམས་འགྱུར་གྲ་རྒྱས་ཡག་པོའི་ལམ་ནས་འགྲན་བརྡར་ལ་གདོང་བསུ་བྱེད་བཞིན་ཡོད་དོ།།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716