སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་འཁོར་སྒུལ་མ་དངུལ་དུང་ཕྱུར་10ཡིས་ཁྱད་ལྡན་གྲོང་རྡལ་18ཀྱི་ལས་གཞིའི་རྣམ་གྲངས་ལས་འགོ་ཚུགས་པ།
སྤེལ་དུས། 2017-04-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འབྲུག་བྷས་བསྒྱུར།
  ཚེས་4ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐུན་ལས་དོན་གཞུང་སྒྲུབ་ཁང་དུ་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ནས་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་གྱི་མིང་གཞུང་ནང་བཅུག་པའི་གྲོང་རྡལ་26ཟིན་ཡོད། དེ་ཡང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པར་བརྟེན། སྙེ་མོ་རྫོང་ཐོན་པ་ཤང་དང་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གཉིས་ཀྱིས་ཡིག་ཐོག་སྙན་ཞུ་དང་འོས་སྦྱོར་བརྒྱུད་དེ་ལས་རིམ་དང་པོའི་ཀྲུང་གོའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་༡༢༧གྱི་ཡ་གྱལ་གྱུར་ཡོད། 
  བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཁྱད་ལྡན་གྲོང་རྡལ་འཛུགས་ལས་གཞི་ལ་འཁོར་སྒུལ་མ་དངུལ་དུང་ཕྱུར་10བཀོད་སྒྲིག་བྱས་ཤིང་། མིག་སྔའི་བར་འཁོར་སྒུལ་མ་དངུལ་དུང་ཕྱུར4.3བཏང་སྟེ། རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལས་དོན་ལམ་ལྷོངས་ཡོང་ཐད་ལ་སྔོན་འགྲོའི་ལས་དོན་མ་དངུལ་མཁོ་འདོན་འགན་ལེན་བྱས་ཡོད་པ་རེད། 
  མ་དངུལ། 
  ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལམ་ལྷོངས་ཡོང་སླད་འཁོར་སྒུལ་མ་དངུལ་དུང་ཕྱུར4.3བཏང་ཟིན།  
  བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱ་གཞག་ལམ་ལྷོངས་ཡོང་སླད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཞུང་སྒྲུབ་ཁང་བཙུགས་ཤིང་། གཞུང་སྒྲུབ་ཁང་ནི་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དུ་བཙུགས་ཡོད་པ་དང་། རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་ཐིང་སོགས་ལས་ཁུངས་10གྲངས་འདུས་པའི་རྩ་འཛུགས་སྒྲིག་གཞི་ནང་ཚུད་པ་ཞིག་ཡིན། ས་ཁུལ་དང་གྲོང་ཁྱེར་སོ་སོ་ནས་ཀྱང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ཆེད་གཉེར་ཚོ་ཆུང་བསྟུད་མར་བཙུགས་པར་མ་ཟད། ད་དུང་ས་ཁུལ་དང་གྲོང་ཁྱེར་སོ་སོའི་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་གྱི་སྲིད་འཛིན་གཙོ་འགན་བཞེས་མཁན་གྱི་འབྲེལ་གནས་དགོས་པའང་གསལ་སྟོན་བྱས་ཡོད། 2016ལོའི་ཟླ6པར། རང་སྐྱོང་ལྗོངས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལས་དོན་གྱི་སྐུལ་འདེད་གྲོས་ཚོགས་བསྡུས་ཏེ། རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ལྗོངས་ཡོངས་གྲོང་རྡལ་གསེར་འཛུགས་གྲོས་ཚོགས་སྟེང་གི་གཏམ་བཤད་དགོངས་དོན་ཁྱབ་བསྒྲགས་དང་། འབྲེལ་ཡོད་སྲིད་ཇུས་ཡིག་ཆ་ལ་གསལ་འགྲེལ་གནང་སྟེ་དམིགས་བྱ་དང་རེ་འདུན་གསལ་སྟོན་བྱས་པ་རེད།  
  རང་སྐྱོང་ལྗོངས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་དོན་གཞུང་སྒྲུབ་ཁང་གི་ལས་མིས་ངོ་སྤྲོད་བྱས་པ་ལྟར་ན། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལས་དོན་ཐད་འཁོར་སྒུལ་མ་དངུལ་དུང་ཕྱུར་10བཀོད་སྒྲིག་བྱས་ཡོད་པ་དང་། མིག་སྔའི་བར་མ་དངུལ་དུང་ཕྱུར4.3བཏང་སྟེ། རང་སྐྱོང་ལྗོངས་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལས་དོན་ལམ་ལྷོངས་ཡོང་ཐད་ལ་སྔོན་འགྲོའི་ལས་དོན་མ་དངུལ་མཁོ་འཁོན་འགན་ལེན་བྱས་ཡོད། དེ་མཚུངས་སུ་རང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་《ཁྱད་ལྡན་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་སྒྲིག་ཁོངས་ཀྱི་བླང་བྱའི་འཆར་འགོད》 དང་།《ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་ཀྱི་ཇུས་གཞིའི་གྲུབ་འབྲས་ཞིབ་བཤེར་དོ་དམ་བྱ་ཐབས》དང་།《ཁྱད་ལྡན་གྲོང་རྡལ་ཆུང་གྲས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ཆེད་གཉེར་མ་དངུལ་དོ་དམ་བྱ་ཐབས》སོགས་གཏན་འབེབས་བྱས་ཏེ། ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་གྱི་ལས་དོན་ཁག་ཚད་ལྡན་ཡིན་པ་དང་སྒྲིག་ལམ་ཡོད་པ་ཞིག་ཡོང་བར་ཁག་ཐེག་བྱས་ཡོད། ཉེ་ཆར།《བོད་རང་སྐྱོང་ལྗོངས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་འཆར་འགོད་སྒྲིག་གཞིའི་ལག་རྩལ་སྣེ་སྟོན》སྒྲིག་བཟོ་འགྲེམས་སྤེལ་བྱས་ཏེ། ལྗོངས་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་འཆར་འགོད་སྒྲིག་གཞི་དང་ལག་རྩལ་ཞིབ་བཤེར་ཐད་ལ་གཅིག་མཐུན་གྱི་ཁ་གསལ་ནན་མོས་རེ་བ་བཏོན་ཡོད།
  འཕེལ་ཚད། 
  གསར་སྣོན་ཁྱད་ལྡན་གྲོང་རྡལ་གྱི་འཆར་འགོད་སྒྲིག་བཟོ་ཇེ་མགྱོགས་སུ་གཏོང་བ། མ་དངུལ་དུང་ཕྱུར་11.4བཏང་སྟེ་རྣམ་གྲངས52ཀྱི་ལས་འགོ་ཚུགས་པ།  
  མིག་སྔར་ཆོག་མཆན་ཐོབ་པའི་ཁྱད་ལྡན་གྲོང་རྡལ་སྤྱིའི་འཆར་འགོད་19ཡོད་པ་དང་། ཁྱད་ལྡན་གྲོང་རྡལ་ཞིབ་ཕྲའི་འཆར་འགོད་དང་གྲོང་ཁྱེར་ཇུས་འགོད། འཛུགས་སྐྲུན་འཆར་འགོད་17ཡོད། ལྷོ་ཁ་གྲོང་ཁྱེར་བསམ་ཡས་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ཞིབ་ཕྲའི་འཆར་འགོད། གྲོང་ཁྱེར་ཇུས་འགོད། འཛུགས་སྐྲུན་འཆར་འགོད་བཅས་ལ་གོམ་གང་མདུན་སྤོས་ཀྱིས་ཞིག་གསོ་བྱེད་བཞིན་ཡོད་ལ། ཉིང་ཁྲི་གྲོང་རྡལ་དང་དཀྱིལ་ཐང་གྲོང་རྡལ། ཤག་ཆུ་གྲོང་རྡལ། འདྲེན་ཐང་གྲོང་རྡལ། གནམ་མཚོ་ཤང་། ཐང་སྨད་གྲོང་རྡལ་བཅས་གསར་དུ་ནང་བཅུག་བྱས་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་འཆར་འགོད་སྒྲིག་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ངེས་ཤིང་། གསར་སྣོན་དཔེ་སྟོན་ས་ཚིགས་དང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་མ་གཏོགས། གཞན་ཁྱད་ལྡན་གྲོང་རྡལ་18ཀྱི་འབྲེལ་ཡོད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགོ་བརྩམས་ཟིན་པ་སྟེ། ལས་འགོ་བརྩམས་པའི་རྣམ་གྲངས་52ཡོད་པ་དང་། དེ་ལ་མ་དངུལ་དུང་ཕྱུར་11.4བཏང་ཟིན་པ་རེད།
  ཕྱིས་སུ་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཐད་ལ་ཡིག་ཐོག་སྙན་ཞུ་བརྩོན་ལེན་བྱེད་རྒྱུ་དང་། ས་གནས་དང་གྲོང་ཁྱེར་སོ་སོའི་ཁྱད་ལྡན་གྲོང་རྡལ་གྱི་ལས་གཞི་གསོ་སྐྱོང་ལ་མཛུབ་སྟོན་བྱེད་པ། མ་དངུལ་སྡུད་རྒྱུག་སྒྲིག་གཞི་སྒྱུར་བཅོས་ལ་ཤུགས་རྒྱག་པ། རྒྱབ་སྐྱོར་སྲིད་ཇུས་དང་འགན་སྲུང་བྱེད་ཐབས་གཏན་འབེབས་བྱེད་པ། སྡོད་ཁང་འཛུགས་སྐྲུན་ཐིང་ལ་ལས་རིམ་གཉིས་པའི་བོད་ལྗོངས་ཀྱི་རྒྱལ་ཡོངས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་ཡིག་ཐོག་སྙན་ཞུ་དང་འོས་སྦྱོར་བརྩོན་ལེན་བྱས་ཏེ། བོད་ལྗོངས་ཀྱི་ཁྱད་ལྡན་གྲོང་རྡལ་དཔེ་སྟོན་ས་ཚིགས་26ཟིན་པ་རིམ་གྱིས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཅན་དུ་བསྐྲུན་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དོ། །
  རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་འབྲེལ་ཡོད་སྣེ་སྟོན་དགོངས་གཞི་འོག ཁྱད་ཆོས་མངོན་གསལ་དང་ཐོན་སྐྱེན་འཕེལ་རྒྱས། སྐྱེས་ཁམས་ལྗང་མདོག སྡོད་གནས་མཛེས་སྡུག་གི་འཛུགས་སྐྲུན་དམིགས་འབེན་གཙོར་བཟུང་སྟེ། གྲང་རྡལ་ཆུང་གྲས་ལ་འཐབ་ཇུས་ཆེན་པོའི་རྒྱུན་འཁྱོངས་དང་། གཙོ་གནད་འཕེལ་རྒྱས་དང་ཁྱད་ལྡན་འཕེལ་རྒྱས། ཁྱད་ལྡན་འཛུགས་སྐྲུན་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། གྲོང་རྡལ་གཙོར་འཛིན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཐོན་ལས་ཚོང་ར་གཙོ་ཁྲིད་བྱས་ཏེ་ལེགས་བསྡུས་གྲོན་ཆུང་དང་མི་རྩ་གཞིར་འཛིན་གྱིས་རིག་གནས་ཁྱད་ཆོས་མངོན་གསལ་འབུར་ཐོན་བྱེད་པ་དང་འཆར་འགོད་སྣ་མང་གཅིག་ཏུ་བསྡུས་པ་སོགས་ཀྱི་འཛུགས་སྐྲུན་རྩ་དོན་ལག་བསྟར་དགོས་པ་དང་། སྔོག་འཚོལ་ཆད་གསབ་དང་བྱེད་ནུས་འཐུས་ཚང་དང་། སྤྱི་ཡོངས་སྐུལ་འདེད་ཀྱི་འཛུགས་སྐྲུན་བསམ་བློ་གཏོང་ཕྱོགས་ལ་བརྟེན་ཏེ་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་ས་གནས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྲིད་འཛིན་གཙོ་འགན་བཞེས་མཁན་གྱི་འབྲེལ་གནས་འོས་འགན་ལག་བསྟར་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྨང་གཞི་ལེགས་པོ་ཡོད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་ལྡན་པ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། སྔོན་འགྲོའི་ལས་དོན་བརྟན་པོ་ཡིན་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་གསོ་སྐྱོང་དང་གསར་སྐྲུན་གཙོ་གནད་དུ་འཛིན་དགོས་པ་རེད། 2017ལོར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གཙོ་གནད་གསར་སྐྲུན་བྱེད་རྒྱུ་ཡིན་པ་དང་། ལོ་མཇུག་བར་དུ་འབྲེལ་ཡོད་ལས་དོན་ཁག་ལེགས་འགྲུབ་བྱུང་སྟེ་རྒྱལ་སྤྱིའི་རྩེ་གྲའི་ཡུལ་སྐོར་གྲོང་རྡལ་ཞིག་ཏུ་བསྐྲུན་པར་བརྩོན་ལེན་བྱེད་ངེས་ཡིན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716