སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆབ་མདོ་གྲོང་ཁྱེར་གྱིས་བོད་ལྗོངས་ཤར་རྒྱུད་ཀྱི་རྒྱལ་ཁབ་A5རིམ་པའི་མཛེས་ལྗོངས་ཁུལ་དང་པོ་འཛུགས་གྲབས་ཡོད།
སྤེལ་དུས། 2017-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          བོད་ལྗོངས་ཤར་ལྷོའི་རྒྱུད་དང་ཡུན་ནན་བྱང་ཕྱོགས་ས་མཐོའི་ཉེ་འགྲམ་གྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁའི་ལོ་སྟོང་འགོར་བའི་གནའ་བོའི་ཚྭ་ཞིང་ནི་འཛམ་གླིང་ཐོག་ཆེས་གདོད་མའི་ལག་ཤེས་ཚྭ་བསྐམ་བྱེད་སྟངས་རྒྱུན་འཁྱོངས་བྱེད་བཞིན་པའི་ཚྭ་ཞིང་ཡིན།  2016ལོར་ཚྭ་ཁའི་ལོ་སྟོང་འགོར་བའི་གནའ་བོའི་ཚྭ་ཞིང་མཛེས་ལྗོངས་ཁུལ་དུ་ཕེབས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་54ཟིན་པ་དང་།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་7500ཡོད།  ད་ལོའི་དུས་ཚིགས་དང་པོའི་ནང་གི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་54000ལ་བསླེབས་པ་དང་།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་ཡོད་པ་རེད།  ཉེ་ཆར།  གསར་འགོད་པས་སྨར་ཁམས་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཆབ་མདོ་གྲོང་ཁྱེར་གྱིས་བོད་ལྗོངས་ཤར་རྒྱུད་དུ་རྒྱལ་ཁབ་A5རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་པར།  སྨར་ཁམས་སྟོང་ལོའི་ཚྭ་ཞིང་ལྟེ་བར་བཟུང་ནས་མཐའ་འཁོར་གྱི་མཛེས་ལྗོངས་ཁུལ་དུ་ཁྱབ་ཡོད།
          ཟླ་སྔོན་མར་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་པའི་སྙན་ཞུ་གོང་རིམ་དུ་ཕུལ།  ད་ལྟ་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་སྒྲུབ་བཞིན་ཡོད།
          མིག་སྔར།  ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་སྐོང་ཚོགས་བྱས་པའི་སྨར་ཁམས་སྟོང་ལོའི་ཚྭ་ཞིང་A5རིམ་པའི་མཛེས་ལྗོངས་ཁུལ་སྙན་སེང་གྲ་སྒྲིག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ཐོག་བསྟན་དོན།  སྨར་ཁམས་ནི་འཛམ་གླིང་གི་ཆེས་གནའ་བོ་དང་ཆེས་གདོད་མའི་ཚྭ་ཁའི་རིག་གནས་ཀྱི་གནས་ཡུལ་ཡིན་པ་མ་ཟད།  ད་དུང་གནས་རི་དང་གནས་མཚོ།  རྩ་ཆེའི་སྲོག་ཆགས་རྩི་ཤིང་།  ཆོས་ལུགས་ཀྱི་གནས་མཆོག  ཡིད་དུ་འོང་བའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཡོད་པས།  ལྗོངས་ཁུལ་འདི་དག་ཕྲེང་སྦྲེལ་དང་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ་འཛམ་གླིང་སྟེང་ཧང་སངས་དགོས་པའི་ཚ་ཁའི་རིག་གནས་ཁུལ་རྒྱ་བསྐྱེད་བཙུགས་ཆོག  ཆ་རྐྱེན་འདི་དག་ཚང་མས་སྨར་ཁམས་ཚྭ་ཁའི་སྟོང་ལོའི་ཚྭ་ཞིང་དུ་རྒྱལ་ཁབ་A5རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པར་རང་བྱུང་དང་རིག་གནས་ཐོན་ཁུངས་འབེལ་པོ་འདོན་སྤྲོད་བྱས་ཡོད།  ད་ལྟ་མཛེས་ལྗོངས་ཁུལ་དེ་ནི་རྒྱལ་ཁབ་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན།  སྨར་ཁམས་སུ་ཕེབས་ཚེ་དྲག་ཏུ་རྒྱུག་བཞིན་པའི་རྫ་ཆུའི་འགྲམས་ངོགས་སུ་རྡོག་པས་མནན་ནས་བགྲོད་པའི་ཚྭ་ལས་བྱེད་མཁན་རྣམས་ཀྱིས་གཡང་གཟར་གྱི་ཕྲེང་ལམ་ཏུ་ཤིང་ཟོམ་རྒྱབ་ཏུ་འཁུར་ནས་འགྲོ་བ་མཐོང་བས།  མི་རྣམས་ཤེས་མེད་ཚོར་མེད་ངང་ཐུན་མིན་གྱི་མཛེས་ལྗོངས་འདིའི་མཛེས་པས་ཡིད་འཕྲོག་པ་ཡིན།
          “ཚ་ཁའི་སྟོང་ལོའི་གནའ་བོའི་ཚྭ་ཞིང་གི་ཐུན་མིན་གྱི་གདོད་མའི་ཚྭ་སྐམ་བྱེད་སྟངས་དང་ས་གནས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་བཅས་ཀྱིས་རང་བྱུང་དང་སྤྱི་ཚོགས་རིག་གནས་གཅིག་ཏུ་གྲུབ་པའི་འཛམ་གླིང་གི་ཁྱད་དུ་འཚར་བའི་ལྟད་མོ་གྱུར་ཡོད།  ད་ལོའི་ཟླ་3པ་ནས་བཟུང་།  ང་ཚོས་རྒྱལ་ཁབ་A5རིམ་པའི་མཛེས་ལྗོངས་ཁུལ་སྙན་ཞུ་ལས་ཀའི་འགོ་བཙུགས་ཟིན་པ་དང་།  དུས་མཚུངས་སུ་ང་ཚོས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་།  དཔེར་ན།  མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་རྒྱས་སྐྲུན་བྱས་པ་སྟེ།  སྔོན་ཆད་ཚྭ་ཞིང་ནས་ཀྲུང་གོའི་ཇ་རྟའི་གནའ་ལམ་བོད་ལྗོངས་ཚྭ་ཁའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་བར་གྱི་བགྲོད་ལམ་དོགས་ལ་འཚང་ཁ་ཆེ།  ཡུལ་སྐོར་བའི་འགྲིམ་འགྲུལ་ལ་སྟབས་བདེ་འོངས་ཆེད་དུ་བགྲོད་ལམ་ཚན་པ་དེ་རྒྱས་སྐྲུན་གྱི་ལས་དོན་འགོ་བཙུགས་ཟིན།”  སྨར་ཁམས་རྫོང་ཡུལ་སྐོར་སྤྲོ་འཆམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བརྗོད་རྒྱུར་སྨར་ཁམས་ཚྭ་ཁའི་སྟོང་ལོའི་ཚྭ་ཞིང་མཛེས་ལྗོངས་ཁུལ་ནང་ཁུལ་དང་མཐའ་འཁོར་གྱི་འགྲུལ་ལམ་དེ་“ཡུལ་སྐོར་སྒོར་ལམ་”གྱི་འཆར་བཀོད་ལྟར་འཛུགས་བསྐྲུན་བྱ་འཆར་ཡོད།
          སྨར་ཁམས་རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་བསྡོམས་རྩིས་ལས་མངོན་པ་ལྟར་ན།  2016ལོར་ཚྭ་ཁའི་སྟོང་ལོའི་གནའ་བོའི་ཚྭ་ཞིང་མཛེས་ལྗོངས་ཁུལ་དུ་ཕེབས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་54ཟིན་པ་དང་།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་7500ཡོད།  ད་ལོའི་དུས་ཚིགས་དང་པོའི་ནང་གི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་54000ལ་སླེབས་ཡོད་པ་དང་།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་ཡོད་པ་རེད།  བཀྲ་ཤིས་དོན་གྲུབ་ཀྱིས་དགོད་བཞིན་བརྗོད་རྒྱུར་“སྨར་ཁམས་དུ་ཕེབས་པའི་ཡུལ་སྐོར་བ་མང་ཆེ་བ་ནི་རང་གི་རླངས་འཁོར་བཏང་བའི་ཡུལ་སྐོར་པའམ་ཡུལ་སྐོར་བ་ཐར་ཐོར་ཡིན།  འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་ཚོགས་པའི་ནང་ཞུགས་པའི་ཡུལ་སྐོར་བ་མི་ཉུང་བ་ཡོད།  ས་འདིར་ཡུལ་སྐོར་བས་སྤྲོ་ཞིང་སྐྱིད་པའི་རྩེད་འཇོར་ལ་རོལ་ཆོག་པ་མ་ཟད།  ཟས་ཀྱིས་འདོད་པ་སྐོང་ཐུབ་པ་དང་སྡོད་ཁང་ལེགས་པོ་ཡོད།”
ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ལ་ལྟད་མོར་གཡེང་ནས་རྫོགས་མཐའ་མེད་པ་དང་ཡུལ་སྐོར་མཛེས་ལྗོངས་ལ་ལར་སྒོ་བྱང་འཛིན་ཡིག་བསྡུ་བཞིན་ཡོད།
          སྨར་ཁམས་ཀྱི་ཁྱད་ལྡན་མཛེས་ལྗོངས་གླེང་སྐབས།  བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་ཞིབ་ཕྲའི་སྤྲོ་འཆམ་ས་རིས་ངོ་སྤྲོད་གནང་།  སྨར་ཁམས་དུ་ཕེབས་ཚེ་ཐོག་མར་མི་གླེང་ཐབས་མེད་པ་ནི་ཚྭ་ཁའི་སྟོང་ལོའི་གནའ་བོའི་ཚྭ་ཞིང་ཡིན།  འདིར་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྟ་ན་སྡུག་པའི་ཡུལ་ལྗོངས་ལ་ལྟད་མོར་རོལ་ཐུབ་པ་མ་ཟད།  ད་དུང་ཚྭ་བཟོའི་ལག་ཤེས་བརྒྱུད་རིམ་ཧྲིལ་པོར་ཤེས་རྟོགས་གནང་ཆོག  ཁྱད་ལྡན་གྱི་གདོད་མའི་ཐོན་སྐྱེད་ཡོ་བྱད་དང་ལས་ལ་བརྩོན་ཞིང་ཟོལ་མེད་བབ་ཆགས་པའི་ཚྭ་མིའི་དམངས་སྲོལ་ལ་ལྟད་མོར་རོལ་ཆོག  ཚྭ་ཁ་ནས་མདུན་དུ་བསྐྱོད་ཚེ་ཀྲུང་གོའི་ཇ་རྟའི་གནའ་ལམ་བོད་ལྗོངས་ཚྭ་ཁའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་དུ་སླེབས་ཐུབ།  སྨར་ཁམས་ནི་སི་ཁྲོན་དང་ཡུན་ནན།  བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་ཆགས་ཡོད་པ་དེ་ནི་ཇ་རྟའི་གནའ་ལམ་གྱི་བོད་ལྗོངས་ཀྱི་ས་ཚུགས་དང་པོ་ཡིན།  འགྲེམས་སྟོན་ཁང་དུ་ཡུལ་སྐོར་བས་ཡུན་ནན་གྱི་ཇ་བོད་ལྗོངས་སུ་དབོར་སྐབས་ཀྱི་གཏམ་རྒྱུད་ཤེས་རྟོགས་བྱས་ཆོག   འགྲེམས་སྟོན་ཁང་ནས་སྒོར་བུད་རྗེས་རྒྱང་རིང་པོ་ཞིག་ཏུ་ཐུན་མོང་མ་ཡིན་པའི་བོད་བཟོའི་སྡོད་ཁང་ཞིག་མཐོང་ཐུབ།  དེ་ནི་བོད་རིགས་དང་འཇང་རིགས་སོགས་གྲངས་ཉུང་མི་རིགས་ལས་གྲུབ་པའི་འཇང་རིགས་ཤང་ཡིན།  ཤང་ནང་གི་འཇང་རིགས་ཀྱི་ཁྱད་ཉམས་དོད་པའི་ཁྲོམ་གཞུང་དུ་ཅ་ལག་ཁྱད་མཚར་མང་པོ་ཡུལ་སྐོར་བས་འཚོལ་རྟོགས་བྱ་བར་སྒུག་ཡོད།  འདིར་ཡུལ་སྐོར་བ་རྣམ་པར་གསལ་འདེབས་ཞུ་རྒྱུ་ལ།  ཀྲུང་གོའི་ཇ་རྟའི་གནའ་ལམ་བོད་ལྗོངས་ཚྭ་ཁའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་དང་ཚྭ་ཞིང་ཁམས་པའི་དམངས་སྲོལ་རིག་གནས་གྲོང་ཚོ།  ཚྭ་དཀར་དང་ཚྭ་དམར་སྐམ་སའི་ར་བ་བཅས་མཛེས་ལྗོངས་ཁུལ་གྱི་སྒོ་བྱང་འཛིན་ཡིག་གི་རིན་ལ་བསྡོམས་པའི་སྒོར་90ཡིན།
          འགྲུལ་བཞུད་ཀྱི་ལམ་བར་དུ་ཟས་ལ་རྔམ་པ་རྣམ་པས།  སྨར་ཁམས་འཇང་རིགས་ཀྱི་གྲོ་ཞིབ་ཧུབ་རིང་དང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གཡོས་ཚོད་བཅས་ཀྱིས་ཁྱེད་རང་གི་ལྕེའི་མྱོང་བ་སྐོང་ཐུབ། འཇང་རིགས་ཤང་དང་ཆུ་ཚན་ཁ་ཤང་དུ་ད་དུང་འཇང་རིགས་དང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་སྐྱིད་ཁང་50ལྷག་ཙམ་ཡོད་པས་ཡུལ་སྐོར་བས་ངལ་གསོ་གནང་ཆོག  “གལ་ཏེ་ཡུལ་སྐོར་ལམ་དུ་ལྷོད་ཤིག་ཤིག་གིས་ངལ་དུབ་སེལ་འདོད་ཚེ།  ཆུ་ཚན་ཁ་ཤང་དུ་ཆུ་ཚན་དུ་སྤངས་རྒྱུ་ནི་གདམ་ག་ཡག་པོ་ཞིག་ཡིན།  ཆུ་ཚན་ཁ་ཤང་དུ་ཆུ་ཚན་ཚོགས་པར་ཁྱོན་བསྡོམས་ཆུ་ཚན་མིག་108ཡོད་པ་ལ།  ཆུ་མིག་བརྒྱ་ལ་ཟླ་བ་འཆར་ཞེས་པའི་སྙན་པའི་གྲགས་པ་འབར།  ཆུའི་དྲོད་ཚད་ཧྲེ་ཧྲི་ཏུའུ་25℃ནས་80℃གང་རུང་ཡོད།  གཏེར་རྫས་རིགས་སྣ་20ལྷག་འདུས་པས་ཆུ་ཚན་མཆོག་ཏུ་གྱུར་པའི་རང་བྱུང་གི་ལུས་གསོ་ཁང་ཞིག་ཡིན།  མིག་སྔར་སྟོང་ལོའི་གནའ་བོའི་ཚྭ་ཞིང་ནས་ཆུ་ཚན་ཁ་ཤང་བར་དུ་གཞུང་ལམ་གསར་སྐྲུན་བྱེད་བཞིན་ཡོད།”
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716