སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ལོ་ལྔ་ཚན་བཅུ་གསུམ་པའི་”ནང་བོད་ལྗོངས་ཀྱིས་རྫོང་རིམ་པའི་སྤྱི་པའི་ལུས་རྩལ་ཐང་40འཛུགས་རྒྱུ་ཡིན།
སྤེལ་དུས། 2017-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཉེ་ཆར།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ།  《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཐིང་གིས་བོད་རང་སྐྱོང་ལྗོངས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་སྒྲིག་བཟོའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་བརྡ་ཐོའི་》བླང་བྱ་ལྟར།  ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ལྗོངས་ལུས་རྩལ་ཅུས་ཀྱིས་ཐུན་མོང་ཐོག་བཟོ་འགོད་བྱས་པའི་《བོད་རང་སྐྱོང་ལྗོངས་ “ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་ལུས་རྩལ་འཕེལ་རྒྱས་ཀྱི་འཆར་འགོད་》 (གཤམ་དུ་བསྡུས་མིང་ལ་《འཆར་འགོད་》ཅེས་བརྗོད་རྒྱུ་)ཞིབ་བཤེར་གཏན་འབེབས་བྱས་ཏེ་པར་འགྲེམས་བྱས།  གྲོང་ཁྱེར་(ས་ཁུལ་)ཁག་གི་འཕེལ་སྒྱུར་ཨུ་ལྷན་དང་ལུས་རྩལ་ཅུས།  རང་སྐྱོང་ལྗོངས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་ཀའི་མཉམ་ཞུགས་ཚོགས་འདུའི་ཁོངས་ཞུགས་སྡེ་ཚན་གྱིས་སྒྲིག་འཛུགས་དང་ལག་བསྟར་ནན་ཏན་དགོས་པའི་བླང་བྱ་བཏོན།
《འཆར་འགོད་》ལ་འཕེལ་རྒྱས་ཀྱི་རྨང་གཞི་དང་གནས་བབ་ལ་དབྱེ་ཞིབ་གཏོང་བའི་ནང་དོན་ཚུད་ཡོད།  མཛུབ་ཁྲིད་ཀྱི་བསམ་བློ་དང་གོང་འཕེལ་གྱི་དམིགས་ཚད།  གཞི་རྩའི་རྩ་དོན།  གཙོ་གནད་ལས་འགན་དང་བྱེད་ཐབས་གཙོ་བོ།  འགན་སྲུང་བྱེད་ཐབས་སོགས་ཕྱོགས་བཞིའི་བརྗོད་དོན་གཙོ་བོ་འདུས་ཡོད།
          བོད་ལྗོངས་ཀྱི་ལུས་རྩལ་པ་དེ་བས་མང་པོ་རྒྱལ་ཁབ་ཀྱི་རུ་ཁག་ཏུ་ཞུགས་དགོས།
          《འཆར་འགོད་》ནི་མང་ཚོགས་ཀྱི་ལུས་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་དང་ལུས་རྩལ་འགྲན་བསྡུར་གྱི་ཁྱད་ཐོན་བདམས་ནས་གོང་འཕེལ་གཏོང་བ།  རི་འཛེགས་བྱེད་སྒོ་གསར་གཏོད་འཕེལ་རྒྱས།  ལུས་རྩལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ།  མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཁྱད་ཆོས་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་སོགས་ཕྱོགས་5ཡི་ཐད་ནས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཏོན་ཡོད་པ་རེད།  
          དམིགས་འབེན་ཀྱི་བླང་བྱ་ལྟར་ན།  2020ལོར་སླེབས་ཚེ་དེང་རབས་ཀྱི་ལུས་རྩལ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པའི་དོ་དམ་ནང་རྐྱེན་གཞི་རྩའི་ཆ་ནས་ཆགས་པ་དང་།  ལུས་རྩལ་འཕེལ་རྒྱས་གཏོང་ནུས་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།  ལུས་རྩལ་དང་སྤྱི་ཚོགས་བྱ་གཞག་ཁག་གཞན་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱ་དགོས།  དམངས་ཀྱི་ལུས་རྩལ་དེ་འཚོ་བའི་རང་བཞིན་ཅན་དང་ལུས་རྩལ་འགྲན་བསྡུར་དགེ་མཚན་ཅན།  རི་འཛེག་ལུས་རྩལ་སྤུས་རྟགས་ཅན།  ལུས་རྩལ་ཐོན་ལས་ཕན་འབྲས་ཅན།  མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཁྱད་ལྡན་ཅན་དུ་བསྒྱུར་དགོས།  ལུས་རྩལ་ནི་འཚོ་བའི་སྤུས་ཀ་མཐོ་རུ་གཏོང་བའི་གལ་ཆེའི་ནང་དོན་དང་གསར་གཏོད་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་ཕྱོགས་གལ་ཆེན།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་བསྒྱུར་དགོས།
          མང་ཚོགས་ཀྱི་ལུས་རྩལ་ཐད་ཀྱི་དམིགས་ཚད་ཁ་གསལ་གནང་ཡོད།  2020ལོར་སླེབས་སྐབས་ལྗོངས་ཡོངས་སུ་གཟའ་འཁོར་རེར་ལུས་རྩལ་སྦྱོང་བརྡར་ཐེངས་1གམ་དེའི་ཡན་བྱེད་པའི་མི་གྲངས་ཁྲི་155ཟིན་པ་དང་།  དུས་རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་གྱི་མི་གྲངས་ཁྲི་100ཟིན་དགོས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་ཚད་གཞི་ལོན་ཚད་80%ཡན་ཟིན་པ་དང་།  སློབ་མའི་90%ཡན་《རྒྱལ་ཁབ་ཀྱི་སློབ་མའི་གཟུགས་གཞི་བདེ་ཐང་གི་ཚད་གཞི་》ལ་སླེབས་དགོས།  མི་རེར་ཆ་སྙོམས་ཀྱི་ལུས་རྩལ་སྦྱོང་བརྡར་བྱ་གནས་སྨི་གྲུ་བཞི་མ་1.8ཟིན་པ་དང་།  མི་700རེར་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་མི་1ཡོད་དགོས།  ཤེས་རྟོགས་བྱུང་བ་ལྟར་ན།  ཐེངས་དྲུག་པའི་ལུས་རྩལ་ཐང་ཞིབ་བཤེར་ལས་མངོན་པར་གཞིགས་ན།  2013ལོའི་ལོ་མཇུག་བར་བོད་ལྗོངས་སུ་ཁྱོན་ལུས་རྩལ་ཐང་3704ཡོད།  མི་རེའི་ཆ་སྙོམས་ལུས་རྩལ་ཐང་སྨིས་གྲུ་བཞི་མ་1.33ཟིན།
          ལུས་རྩལ་འགྲན་བསྡུར་ཐད་ཀྱི་དམིགས་ཚད་ཁ་གསལ་གནང་ཡོད།  སྦེ་ག་དང་མཆོང་རྒྱུག་འཕེན་གསུམ་གྱི་ཐེག་ཤུགས་(འགྲོས་རྒྱུག་དང་རྒྱང་རྒྱུག་)རྣམ་གྲངས།  བྲག་འཛེགས།  བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྟ་རྩལ་འགྲན་བསྡུར།  ལེགས་ཆ་མངོན་གསལ་དོད་པའི་ཁུ་ཚུར་རྣམ་གྲངས་བཅས་ལ་དེ་བས་བརྩོན་ལེན་བྱས་ཏེ་བོད་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་ཁབ་ཀྱི་རུ་ཁག་ཏུ་ཞུགས་ནས་རྒྱལ་ཡོངས་འགྲན་ཚོགས་དང་ཨོ་རྩལ་འགྲན་ཚོགས་སུ་གྲུབ་འབྲས་གསར་པ་ལེན་དགོས།   “ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ཀྱི་རིང་ལ།  བོད་ལྗོངས་ཀྱི་ལུས་རྩལ་འགྲན་བསྡུར་ལ་ཐོད་བརྒལ་བྱུང་ཡོད།  ཤི་ལོག་སྒྲོལ་མ་དང་རིན་ཆེན་ལྷ་མོ།  སྟོབས་རྒྱལ་སོགས་ལུས་རྩལ་པ་ཕུལ་བྱུང་ཁག་ཅིག་གིས་སྦེ་ག་དང་བྲག་འཛེགས།  རྟ་རྩལ་འགྲན་བསྡུར།  རྒྱང་རྒྱུག་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་རྣམ་གྲངས་ནང་ཞུགས་ཏེ་ཨེ་ཤེ་ཡའི་ཨང་དང་པོ་7དང་།  རྒྱལ་ཡོངས་ཀྱི་ཨང་དང་པོ་ཁག་58བླངས།  ཤི་ལོག་སྒྲོལ་མས་སྔ་རྗེས་སུ་འཛམ་གླིང་གི་ལེགས་སྐྱེས་འགྲན་བསྡུར་དང་ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར(ཐེངས་2)།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཨང་གཉིས་པ་བླངས་ཏེ་བོད་ལྗོངས་ཀྱི་ལུས་རྩལ་འགྲན་བསྡུར་གྱི་ལོ་རྒྱུས་གསར་བ་ཐེངས་མང་པོ་བསྐྲུན་ཡོད།
          རྫོང་རིམ་པའི་སྤྱི་པའི་ལུས་རྩལ་ཐང་40འཛུགས་རྒྱུ་ཡིན།
          《འཆར་འགོད་》ནང་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་གཙོ་གནད་ལས་འགན་དང་བྱ་ཐབས་གཙོ་བོ་བཅས་ཀྱང་གསལ་བཤད་གསལ་བོ་བྱས་ཡོད།  ནང་དོན་གཙོ་བ་ལ་དམངས་ཡོངས་ཀྱི་ལུས་སྦྱོང་དཔེ་སྟོན་ཁུལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།  ཧི་མ་ལ་ཡའི་རི་འཛེགས་རིག་གནས་ལྟེ་གནས་འཛུགས་སྐྲུན་བྱེད་པ།  ས་མཐོའི་ཁྱད་ལྡན་ལུས་རྩལ་ཐོན་ལས་འཕེལ་རྒྱས།  མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྒྱུན་འཛིན་དང་གོང་འཕེལ་བཏང་ནས་སྤྱི་པའི་ལུས་རྩལ་ཐང་དང་ལུས་རྩལ་ཁང་སོགས་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་ནང་དོན་ཞིབ་ཕྲ་ཁག་བཅུ་གཅིག་ཡོད།
          “ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ཀྱི་རིང་ལ།  བོད་ལྗོངས་ཀྱིས་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་5861ལག་བསྟར་བྱས།  རང་སྐྱོང་ལྗོངས་ཆུ་རྐྱལ་ཁང་དང་ལྷ་ས་གྲོང་ཁྱེར་རིག་གནས་ལུས་རྩལ་ལྟེ་གནས།  གཞིས་རྩེ་གྲོང་ཁྱེར་ལུས་རྩལ་ཁང་།  ལྷ་སའི་ལུས་རྩལ་འགྲན་བསྡུར་སྦྱོང་བརྡར་ར་བ།  ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞི་སོགས་གལ་ཆེའི་ལུས་རྩལ་ཐང་དང་ལུས་རྩལ་ཁང་བཅས་བསྟུད་མུར་ལེགས་འགྲུབ་བྱུང་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་།  རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ལུས་རྩལ་སྤྱི་གླིང་དང་གྲོང་ཁྱེར་(ས་གནས་)རིམ་པའི་ལུས་རྩལ་ཁང་3དང་།  གྲོང་ཁྱེར་(ས་གནས་)དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ལྟེ་གནས་7།  རྫོང་རིམ་པའི་སྤྱི་པའི་ལུས་རྩལ་ཐང་40།  ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞིའི་ལས་རིམ་གཉིས་པ།  ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་ཐོན་ལས་གཉེར་སྐྱོང་ཞབས་ཞུ་ལྟེ་གནས།  རང་སྐྱོང་ལྗོངས་རི་འཛེགས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས།  བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལུས་རྩལ་སྦྱོང་བརྡར་ཁང་དང་མི་རིགས་ལུས་རྩལ་བྱེད་སྒོའི་སྒྲིག་བཀོད།  ལྷ་ས་གྲོང་ཁྱེར་ལུས་རྩལ་རིག་གནས་ཐོན་ལས་གླིང་།  ཆབ་མདོ་གྲོང་ཁྱེར་ལུས་རྩལ་ཐང་།  རྫོང་རིམ་པ་ཁག་གི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲོ་ལམ།  ཤང་གྲོང་ཁག་གི་ནུས་མང་ལུས་སྦྱོང་བྱེད་སྒོའི་ཐང་ཆེན།  སློབ་གྲྭ་འབྲིང་ཆུང་གི་གཟེབ་ལུགས་ཀྱི་རྐང་རྩེད་སྤོ་ལོའི་ཐང་།  རང་སྐྱོང་ལྗོངས་ལུས་རྩལ་སློབ་གྲྭའི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ།  ས་དགའ་རྫོང་ས་མཐོའི་སྒར་རྒྱག་གནས།  ལྷ་ས་གྲོང་ཁྱེར་དོག་སྡེ་ལུང་ཤུར་གྱི་ཕྱི་རོལ་སྒར་ས།  ཉིང་ཁྲིའི་ས་མཐོའི་མཐར་ཟད་ལུས་རྩལ་ལྟེ་གནས།  གྲོང་ཁྱེར་མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་ཐང་ཆེན།  ལྷ་ས་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་རྟ་གསོས་གསོ་སྤེལ་སྨན་བཅོས་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་སོགས་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་དུ་ལག་བསྟར་བྱ་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716