སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།
སྤེལ་དུས། 2017-06-06   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  ཟླ་བ་ཚེ་རིང་གིས་བསྒྱུར།
ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་SCOཁོངས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པ་དང་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགོ་འཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ།
          སྤྱི་ཚེས་༥ཉིན། ཕྱི་འབྲེལ་པུས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ཟུར་གསལ་ཚོགས་འདུ་འཚོགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པ་དང་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད།
          ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ལི་ཧུའེ་ལའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། འདི་ནི་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལེགས་གྲུབ་ལྡན་པའི་ངང་གཉེར་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པ་དང་། འདི་ལོ་ཀྲུང་གོས་ཧ་སག་སི་ཐན་དང་ཡོ་རོབ་དང་ཨ་ཤེ་ཡའི་ས་ཁུལ་དུ་གལ་ཆེའི་ཕྱི་འབྲེལ་བྱ་སྤྱོད་སྤེལ་ཐེངས་དང་པོ་ཡིན་ཞིང་། དེས་ཀྲུང་གོ་དང་ཧ་སག་སི་ཐན་སོགས་ཡོ་རོབ་དང་ཨ་ཤེ་ཡའི་རྒྱལ་ཁབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུ། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
          ལི་ཧུའེ་ལའེ་ཡིས། ཧ་སག་སི་ཐན་ནི་ཀྲུང་གོའི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་དང་ཁྱོན་ཡོངས་འཐབ་ཇུས་རོགས་པ་ཡིན་ཞིང་། ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་པའི་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན། འདི་ལོ་ཀྲུང་གོ་དང་ཧ་སག་སི་ཐན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༢༥འཁོར་བའི་ལོ་ཞིག་ཡིན་ཞིང་། ད་ཐེངས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ཐེངས་གསུམ་པ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའི་བར་མཇལ་མོལ་གནང་ཐེངས་བཅུ་དྲུག་པ་ཡང་ཡིན་ཞེས་གསུངས་ཡོད་པ་རེད།
          ལི་ཧུའེ་ལའེ་ཡིས། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུས་སྤེལ་བའི་རྒྱལ་དོན་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་ཡིན། དེའི་ནང་། དགའ་བསུའི་མཛད་སྒོ་དང་། ཁྱབ་ཁོངས་ཆེ་ཆུང་གི་གྲོས་མོལ། ཕྱོགས་གཉིས་ཡིག་ཆར་མིང་རྟགས་འགོད་པའི་མཛད་སྒོ། ཐུན་མོང་ཐོག་གསར་འགོད་པ་དང་ཐུག་འཕྲད། དགའ་བསུའི་གསོལ་སྟོན་སོགས་ཚུད་ཡོད། གཙོ་བདག་རྣམ་གཉིས་ནས་ཕྱོགས་གཉིས་འབྲེལ་བ་དང་། རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སོགས་ཀྱི་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་ཡིན་ཞིང་། ཐུན་མོང་ཐོག་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་འགོད་རྒྱུ་མ་ཟད་འགྲེལ་སྤེལ་གནང་རྒྱུ། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ལྷན་དུ་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁོངས་བརྒལ་བའི་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོའི་བརྙན་མཐོང་ཐད་འབྲེལ་བྱེད་སྒོར་ཞུགས་རྒྱུ་དང་། ཕྱོགས་གཉིས་པོའི་སྐམ་མཚོ་མཉམ་འདྲེན་གྱི་མཉམ་ལས་ལ་ཐོན་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བདེན་དཔང་གནང་རྒྱུ། ཕྱོགས་གཉིས་པོས་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། ཆུ་བེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
          འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུས་གདན་ཞུ་གནང་བ་ལྟར་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད། ཐེངས་འདིའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་འབྱུང་འགྱུར་གྱི་ནུས་ཁུངས་ཞེས་པ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ནས་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཆིག་སྟོང་ཟིན་པའི་རྒྱ་ཁྱོན་ཆེ་ཤོས་ཀྱི་འགྲེམ་ཁང་དུ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད། ལི་ཧུའེ་ལའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དེ་ནི་ཧ་སག་སི་ཐན་གྱིས་འགྲེམ་ཚོགས་གཉེར་བར་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་མཚོན་གྱི་ཡོད་ལ། རྒྱལ་སྤྱིའི་ནུས་ཁུངས་དང་ལྷག་པར་དུ་ནུས་ཁུངས་གསར་པའི་གནད་དོན་ལ་དོ་ཁུར་དང་མཐོང་ཆེན་གནང་བ་ཡང་མངོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།
          ལི་ཧུའེ་ལའེ་ཡིས། ཀྲུང་གོའི་ཕྱོགས་ནས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ཐུགས་གྲ་ལེགས་སྒྲིག་ཡོང་ངེས་ཡིན་པ་དང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་འགྲོ་རྒྱུ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་འགུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
          འདི་ལོ་ནི་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་རྩ་འཛིན་ལ་མིང་རྟགས་བཀོད་ནས་ལོ་༡༥འཁོར་བའི་ལོ་ཞིག་ཡིན་པ་དང་། ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་ཀྱི་མཉམ་ལས་སྲོལ་ཡིག་ལ་མིང་རྟགས་བཀོད་ནས་ལོ་༡༠འཁོར་བའི་ལོ་ཞིག་ཡིན། རྒྱ་གར་དང་པ་ཀི་སི་ཐན་གྱིས་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ནང་ཞུགས་པའི་གོ་རིམ་ལེགས་གྲུབ་བྱེད་གྲབས་ཡོད་ཅིང་། ཐེངས་འདིའི་དབུ་ཚོགས་འཚོགས་རིང་སྒྲིག་འཛུགས་ཀྱི་ཁོངས་གཏོགས་དངོས་ལ་འགྱུར་རྒྱུ་ཡིན་པ་རེད། ལི་ཧུའེ་ལའེ་ཡིས། ཐེངས་འདིའི་དབུ་ཚོགས་འཚོགས་རྗེས། ཀྲུང་གོས་ཧྲང་ཧད་མཉམ་ལས་སྒྲིག་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་མ་ཟད་སྤྱི་ལོ་༢༠༡༨ལོའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་དང་། ཕྱོགས་ཁག་གིས་ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་སྤེལ་རྒྱུར་རེ་འགུག་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
          ལི་ཧུའེ་ལའེ་ཡིས། ཀྲུང་གོའི་ཕྱོགས་ནས་ད་ཐེངས་ཨ་སི་ཐ་ནའི་དབུ་ཚོགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ། ལྟ་ཞིབ་རྒྱལ་ཁབ་སོགས་འབྲེལ་ཡོད་ཕྱོགས་ཁག་གིས་གནས་བབ་གསར་པའི་འོག་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་བྱེད་ཐབས་ལ་ཞིབ་གྲོས་གཏིང་ཟབ་བྱེད་པ་བརྒྱུད་དེ། གོམ་སྟབས་རྗེས་མའི་ལས་དོན་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་རྒྱུ་དང་། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་ཕྱི་ཕྱོགས་ལ་མགྲིན་དབྱངས་གཅིག་གྱུར་གྱི་འབོད་སྒྲ་སྒྲོག་སྟེ། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བརྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་བྱེད་ནུས་དེ་བས་ཆེ་བ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུང་པ་རེད།
          ད་ཐེངས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དབུ་ཚོགས་ཀྱི་བརྗོད་བྱ་གཙོ་བོ་ནི་གཅིག་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་མིག་སྔའི་གནས་བབ་དང་ལས་འགན། མདུན་ལྗོངས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་དང་། གཉིས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་དགོངས་འཆར་བརྗེ་རེས་གང་ལེགས་བྱེད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གཙོ་བདག་དང་ལྷན་དུ་གོང་གི་གྲོས་དོན་ལ་དམིགས་ཏེ་གནས་བབ་གསར་པའི་འོག་ལག་གདངས་སྦྲེལ་ནས་འགྲན་རྩོད་ཀྱི་ཉེན་ཁར་ཁ་གཏད་གཅོག་རྒྱུར་ཞིབ་དཔྱད་གང་ལེགས་གནང་རྒྱུ་དང་། ཐུན་མོང་གི་བདེ་འཇགས་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
          ལི་ཧུའེ་ལའེ་ཡིས། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་ཧྲང་ཧའེ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་མཐུན་སྒྲིལ་ཡིད་རྟོན་སྲ་བརྟན་དུ་གཏོང་རྒྱུ། བདེ་འཇགས་དང་དཔལ་འབྱོར། མི་ཆོས་རིག་གནས། སྒྲིག་འཛུགས་འཛུགས་སྐྱོང་། ཕྱི་ཕྱོགས་འབྲེལ་བའི་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཟབ་ཏུ་གཏོང་རྒྱུ་བཅས་ལ་གྲོས་འགོ་དང་འདོད་ཚུལ་སྟོན་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་ནས་ད་ཐེངས་དབུ་ཚོགས་རྗེས་ཀྱི་རེས་སྐོར་ཀྲུའུ་ཞིའི་རིང་གི་འབྲེལ་ཡོད་ལས་དོན་དང་བསམ་ཕྱོགས་ངོ་སྤྲོད་བྱེད་རྒྱུ་དང་། ཕྱོགས་ཁག་དང་ཐུན་མོང་ཐོག་འབད་ཐབས་བྱས་ཏེ་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་གསར་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཀྱང་ཡོད་ཅེས་དང་།
          ལི་ཧུའེ་ལའེ་ཡིས། ཨ་སི་ཐ་ནའི་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་མིན་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་བདག་དང་ལྷན་དུ་ཨ་སི་ཐ་ནའི་བསྒྲགས་གཏམ་ལ་མཚན་རྟགས་འགོད་རྒྱུ་མ་ཟད་ཁྱབ་བསྒྲགས་གནང་རྒྱུ་ཡིན་པ་དང་། གྲོས་ཚོགས་ཀྱི་གསར་འགྱུར་སྤྱི་བསྒྲགས་ཁྱབ་བསྒྲགས་དང་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་ཐལ་བསྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིང་སོགས་ཡིག་ཆ་དང་དེ་བཞིན་རྒྱ་གར་དང་ཕ་ཁི་སི་ཐན་གྱི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གནས་བབ་སྤྲོ་རྒྱུད་སོགས་ཀྱི་གྲོས་ཆོད་ལ་མཚན་རྟགས་འགོད་རྒྱུ་རེད་ཅེས་གསུང་པ་རེད།
          དབུ་ཚོགས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཚོགས་ཞུགས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་དང་ཕྱོགས་གཉིས་མཇལ་མོལ་གནང་རྒྱུ་དང་ཕྱོགས་གཉིས་འབྲེལ་བ་དང་དེ་བཞིན་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་དེ་མིན་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་གནང་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716