སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ལས་མེད་འཁྱམ་པོའི་གྲོང་ཚོ”ནས་དཔེ་སྟོན་གྲོང་ཚོར་ཇི་ལྟར་འགྱུར་བ་ཡིན་ནམ།
སྤེལ་དུས། 2017-06-09   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།
—— རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་རུ་མི་གྲོང་ཚོར་འཕོ་འགྱུར་བྱུང་བའི་དྲིས་ལན་འཚོལ་བ།
གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་མི་ཡོངས་ཀྱི་སེམས་ཤུགས་གཅིག་སྒྲིལ་འོག་རུ་མི་གྲོང་ཚོ་དེ་རྫོང་ཡོངས་སུ་སྐད་གྲགས་ཆོད་པའི“ལས་མེད་འཁྱམ་པོའི་གྲོང་ཚོ”ནས་འབྱོར་ཕྱུག་དང་ཤེས་དཔལ་ལྡན་པའི་དཔེ་སྟོན་གྲོང་ཚོར་འཕོ་འགྱུར་བྱུང་ཞིང་།
          འདི་ནི་ཞིང་ཆེན་ལམ་306རྒྱུད་ཀྱི་རུ་མི་གྲོང་ཚོའི་ཁང་པ་ཡིན་པ།
          རུ་མི་གྲོང་ཚོ་ནི་རྒྱ་ཚ་རྫོང་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་3ཙམ་གྱི་སར་ཡོད་པའི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་པ་དང་། ཞིང་ཆེན་ལམ་306གྲོང་ཚོའི་དབུས་སུ་ཡོད།
          གྲོང་ཚོའི་སྲང་ལམ་ནང་སྐྱོད་སྐབས་དུད་ཚང་ཚང་མའི་ཁང་པའི་རྒྱབ་མདུན་གཉིས་སུ་འབྲས་ཤིང་དང་མེ་ཏོག་མང་པོ་བཏབ་ཡོད་པ་དང་ཕལ་ཆེར“དབྱར་རྩྭ་དགུན་འབུའི་དུས་ཚིགས”ཡིན་པས་གྲོང་ཚོའི་ནང་ཁ་ཁུ་སིམ་པོར་གནས་འདུག ང་ཚོ་གྲོང་ཚོ་དང་ཁྱིམ་ཚང་རེ་རེར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས། རུ་མི་གྲོང་ཚོ་ཟང་ཟིང་ནས་བདེ་འཁོད་དང་། དབུལ་པོ་ནས་འབྱོར་ཕྱུག ཐར་ཐོར་ནས་མཉམ་སྡེབ་བཅས་ཀྱི་བར་འགྱུར་ལྡོག་ཇི་ལྟར་འགྲོ་ཚུལ་གྱི“ཚད་ལྡན་དྲིས་ལན”འཚོལ་ཞིབ་བྱས་པ་ཡིན།
          ལན་དང་པོ།
          གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནི་སྲོག་ཤིང་ཡིན་པ།
          “རུ་མི་གྲོང་ཚོ་ནི་ཤང་དང་གྲོང་རྡལ་གཞན་པ་ནས་གནས་སྤོས་བྱས་པའི་རྐྱེན་གྱིས་གྲོང་མི་མང་ཆེ་བར་མཉམ་སྡེབ་ཀྱི་འདུ་ཤེས་མེད་པར་བསམ་བློ་མི་གཅིག་པ་དང‘སྒུག་བརྟེན་སློང’གསུམ་གྱི་བསམ་བློ་ཚབས་ཆེན་ཡོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་སྟོབས་ཤུགས་ཆེན་པོ་ལྡན་པའི་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་ཡོད”ཅེས་རྒྱ་ཚ་རྫོང་ཨུད་ཀྱི་རྒྱུན་ཨུ། ངར་རབ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཆུས་གོ་ཏུང་གིས་བཤད།
          འདི་ལོ་ལོ་63ལ་སླེབས་པའི་བཀྲ་ཤིས་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པས“གྲོང་ཚོའི་ལས་བྱེད་པ”བྱས་ནས་ལོ་30ལྷག་ཙམ་འགྲོ་ཡི་ཡོད།
          “རུས་པའི་གཏིང་ནས་ཐེ་ཇུས་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན། ལོ་མང་པོ‘གྲོང་ཚོའི་ལས་བྱེད་པ’བྱས་པའི་རྐྱེན་གྱིས་མི་མི་ཉུང་བ་ཞིག་ལ་ཕོག་ཐུག་བཏང་ཡོད། འོན་ཀྱང་ང་ལ་གནོང་འགྱོད་མི་འདུག”ཅེས་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བཤད།
          2000ལོའི་གོང་དུ། རུ་མི་གྲོང་ཚོར་དུད་ཚང་86དང་མི་གྲངས་376ལས་མེད་ལ། དེ་དག་ནི་ལོག་གླེན་དང་། གླིང་མདའ། ལྷ་གསོལ་བཅས་ཤང་གསུམ་ནས་སྤོས་ཡོང་བ་རེད།
          “སྐབས་དེའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་ཡིན། ཡིན་ན་ཡང་དབྱར་རྩྭ་དགུན་འབུ་བཙོངས་ནས་ཐོབ་པའི་དངུལ་མང་ཆེ་བས་ཆང་ཉོས་ནས་བཏུང་གི་ཡོད། གྲོང་མི་མང་ཆེ་བ་གནས་སྤོས་དུད་ཚང་ཡིན་སྟབས་སྲིད་གཞུང་གི་རྒྱབ་སྐྱོར་མི་ཉུང་བ་ཡོད་པས། གྲོང་མི་མང་ཆེ་བས་དཀའ་སྤྱད་འབད་བརྩོན་མ་བྱས་པར་ལས་སླ་པོའི་ངང་ཡོང་འབབ་རག་རྒྱུར་སྒུག་གི་ཡོད། དེར་བརྟེན་ཕྱིར་ལས་ཀར་སྐྱོད་མཁན་ཡང་མེད”ཅེས་བཀྲ་ཤིས་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
          ཕྱུག་འགྱུར་ཐབས་ལམ་མེད་པའི་ཁར་མཉམ་སྡེབ་དཔལ་འབྱོར་ཡང་མེད་པའི་རུ་མི་གྲོང་ཚོར་དམིགས་ནས། 2004ལོ་ནས་བཟུང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་ཐོག་མར་ཞིང་འབྲོག་ཐོན་སྐྱེད་དམ་འཛིན་བྱེད་པ་ནས་འགོ་རྩོམ་རྒྱུའི་གཏན་འཁེལ་བྱས་རྗེས། དབྱར་རྩྭ་དགུན་འབུ་བརྐོ་བ་ཙམ་ལས་ཅི་ཡང་མི་ཤེས་པའི་ལས་མེད་འཁྱམ་པོ་མང་པོ་ལས་བྲེལ་ཚུགས།
          གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གུང་ཁྲན་ཏང་ཡོན་གྱི་ཁ་ཏ་བསླབ་བྱའི་འོག་གྲོང་མི་མང་པོ་ཞིག་ཞིང་ནང་དུ་ངལ་རྩོལ་བྱེད་པར་བསྐྱོད་འདོད་ཡོད་མོད། འོན་ཀྱང“ཁྲེབ་དུད”འགའ་ཞིག་ལ་གཡོ་འགུལ་རྩ་བ་ནས་ཐེབས་མེད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོས་བསྡུར་བྱས་པ་བརྒྱུད་ཏང་ཡོན་གཅིག་གིས་དུད་ཚང་གཅིག་གི་འགན་འཁུར་བ་དང་། གྲོང་ཚོའི་ལས་བྱེད་པ་གཅིག་གིས་དུད་ཚང་གཉིས་ཀྱི་འགན་འཁུར་བ། གྲོང་ཚོ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱིས་དོ་དམ་བྱེད་ཁག་ཤོས་ཀྱི་གྲོང་མི་དུད་ཚང་གི་འགན་འཁུར་རྒྱུའི་གཏན་འབེབས་བྱས། སྣེ་ཁྲིད་ནས་ཞིང་ནང་དུ་ལས་ཀ་བྱེད་པ་དང་ས་ཞིང་འདེབས་སྟངས་དང་གསོ་ཚགས་བྱེད་སྟངས་དམར་ཁྲིད་བྱས་ཏེ་ཤོག་བུ་སྣུམ་འཚོས་ཀྱི་དཔེ་ལྟར་ལས་བརྩོན་ཕྱུག་འགྱུར་བྱེད་པའི་གོ་བསྐོན་སློབ་གསོ་བརྒྱབ།
          ལོ་འགའ་ཞིག་རིང་མཐའ་འཁྱོངས་དང་དཀའ་བ་སྤྱད་པ་ལས་རུ་མི་བར་འགྱུར་ལྡོག་བྱུང་བ་སྟེ། དེ་སྔོན་དབྱར་རྩྭ་དགུན་འབུ་འཐུས་་ནས་འབབ་འཕར་ཡོང་ཐབས་བྱེད་པ་ཁོ་ན་ནས་ད་ཆ་ང་ཤོར་ཁོ་ཤོར་གྱིས་ཕྱིར་ལས་ཀ་བྱེད་པར་བསྐྱོད་པ་དང་། ཞིང་འབྲོག་པའི་ཨར་ལས་རུ་ཁག་འཛུགས་པ། ཚོང་རྒྱག་པ་བཅས་བྱེད་པ་མ་ཟད། མི་རིགས་ལག་ཤེས་བཟོ་ལས་དང་དཔལ་འབྱོར་ནགས་ཤིང་བཏབ་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འབབ་འཕར་ཡོང་བར་བྱེད་ཀྱི་ཡོད།
          ཧྲུའུ་ཅི་བཀྲ་ཤིས་ཀྱིས་གསར་འགོད་པ་ནས་གྲོང་ཚོ་མཉམ་སྡེབ་ཀྱི“ཤིང་ཕོར་བཟོ་གྲྭ”དང་ཕྱོགས་བསྡུས་གསོ་ཚགས་ར་བར་ལྟ་སྐོར་ལ་འཁྲིད་བྱུང་།
          “ན་ནིང་རྣམ་གྲངས་གཉིས་ནས་ཁེ་གཙང་སྒོར་ཁྲི་13ལྷག་བབས་པ་མ་ཟད། ད་དུང་དུད་ཚང་དབུལ་པོ་འགའ་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་ཡོད”ཅེས་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བརྗོད།
          རྒྱ་ཚ་རྫོང་གི་དབྱར་རྩྭ་དགུན་འབུ་ཕུད་ད་དུང་རྒྱ་ཚའི་སྟར་ཁ་ཡང་ལྗོངས་ནང་ཁུལ་དུ་སྐད་གྲགས་ཆེན་པོ་ཡོད། ཧྲུའུ་ཅི་བཀྲ་ཤིས་ཀྱི་ཡིད་ལ་འཐད་ཤོས་ནི་ཉེ་བའི་ལོ་གཉིས་ནང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དེ་རེད། ད་བར་ཤིང་འཛུགས་ནགས་བཟོ་མུའུ་2400ལྷག་བྱས་པའི་ནང་སྟར་ཁའི་གླིང་མུའུ་1600ལྷག་ཟིན་ཡོད།
          ད་ཆ་རུ་མི་གྲོང་ཚོ་ཡོངས་ཀྱི་དུད་ཚང་224ཡི་མི་1024ལ་རྨོ་ཞིང་མུའུ་654ཡོད། 2016ལོར་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1234དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.3ལྷག་ཟིན་ཡོད་པ་རེད།
          ལན་གཉིས་པ།
          གྲོང་སྡོད་ལས་དོན་རུ་ཁག་ནི་ལས་རོགས་ཡག་པོ་ཞིག་ཡིན་པ།
          “གྲོང་སྡོད་ལས་དོན་རུ་ཁག་ནི་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ལས་རོགས་ཡག་ཤོས་དེ་ཡིན”ཞེས་ཧྲུའུ་ཅི་བཀྲ་ཤིས་ཀྱིས་བཤད།
          རྒྱ་ཚ་རྫོང་ནི་ཡར་ཀླུང་གཙང་པོའི་བར་རྒྱུད་དང་སྨད་རྒྱུད་དུ་གནས་ལ། དེ་གའི་རི་མཐོ་ཞིང་གྲོག་རོང་ཟབ་ལ་ཐང་སྡེར་མང་པོ་མེད་པའི་ཁར། རུ་མི་གྲོང་ཚོ་ཨུ་ལྷན་གྱི་གཞུང་དོན་ཐོག་བརྩེགས་ཁང་ཆེན་དང་དེའི་སྒོ་ར་གཉིས་ཀྱིས་རུ་མི་གྲོང་ཚོའི་དབུས་ཀྱི་ཐང་སྡེར་ཆེན་པོ་ཞིག་བཟུང་ཡོད་པ་རེད།
          “འདི་ནི་2012ལོར‘མགྱོགས་མྱུར་དོན་སྨིན་ཐུབ་པའི’རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་48བརྩོན་ལེན་བྱས་ཏེ་བསྐྲུན་པ་ཡིན”ཞེས་རུ་མི་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་དངོས་གྲུབ་ཀྱིས་བཤད།
          ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ཚུན་དུ། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གནས་བབ་ལ་དབྱེ་ཞིབ་ནན་ཏན་བྱས་ཐོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་ནས་འགོ་བརྩམས་ཏེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། “གོ་གནས་མེད་པའི་ཏང་ཡོན་ལ་ལས་གནས་སྤྲད་དེ་འགན་འཁྲི་གཏན་འཁེལ་བྱེད་པ”“ཏང་ཡོན་གྱི་ཁས་བླངས་དམ་བཅའ”སོགས་བྱེད་སྒོ་ནུས་ལྡན་སྤེལ་བ་དང་། 《གྲོང་ཚོའི་ལས་བྱེད་པའི་དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས》དང《ནོར་དོན་དོ་དམ་ལམ་ལུགས》སོགས་ལམ་ལུགས་མང་པོ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་བྱས་ཡོད་པ་རེད།
          “རུ་མི་གྲོང་ཚོར་མི་མང་ལ་གནས་ཚུལ་ཅུང་རྙོག་འཛིང་ཆེ་བའི་དངོས་ཡོད་གནད་དོན་ལ་དམིགས་ནས། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དག་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་། ཏང་ཡོན་གྱི་འཐུས་མི། གྲོང་མིའི་འཐུས་མི་བཅས་ཀྱིས་གྲོས་བསྡུར་བྱས་ནས་ཐག་བཅད་པ་ཡིན”ལྷག་པར་དུ“གསོ་སྐྱོང་གཉིས་དང་སྣེ་ཁྲིད་གཉིས”ཀྱི་ལས་དོན་གཏིང་ཟབ་དང་རྒྱ་སྐྱེད་བཏང་ཐོག་ཏང་ཀྲི་པུར་གཞོགས་འདེགས་བྱས་ནས་ཞིང་འབྲོག་པའི་ཏང་ཞུགས་ཧུར་བརྩོན་ཅན་40གསོ་སྐྱོང་དང་ཏང་ཡོན་གསར་པ་15འཕེལ་རྒྱས་བཏང་བ་མ་ཟད། མི་12ཏང་ཡོན་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་བྱས་ཡོད”ཅེས་བསོད་ནམས་དངོས་གྲུབ་ཀྱིས་བཤད།
          2012ལོ་ཚུན་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་ལ་འཕེལ་རྒྱས་བསམ་ཕྱོགས་20གསལ་པོ་བཟོ་རོགས་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཁག་4བཟོས་པ། འཕེལ་རྒྱས་ཐབས་ལམ་10བཏོད་པ། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དངོས་ཚན་2ལག་ལེན་བསྟར་བ། ཞིང་འབྲོག་པ་མི་ཐེངས་1000ལྷག་ཙམ་སྒྲིག་འཛུགས་ཀྱིས་རྩལ་ནུས་གསོ་སྦྱོང་བྱས་པ། མི་ཐེངས་12000ངལ་ནུས་ཕྱིར་གཏོང་བྱས་པ། ཞིང་འབྲོག་པར་དངུལ་སྨར་འབབ་འཕར་སྒོར་ཁྲི་900ལྷག་ཙམ་བཏོད་པ་རེད།
          ལན་གསུམ་པ།
          ཤེས་དཔལ་འཛུགས་སྐྱོང་ནི་སྒུལ་ཤུགས་ཡིན་པ།
          གྲོང་མི་ཨོ་རྒྱན་ཚེ་རིང་ཁྱིམ་དུ་བཅར་འདྲི་བྱེད་སྐབས། སྦྱིན་བདག་གིས་ད་ལྟ་རྫོང་ཆ་ཚང་སློབ་ཆུང་ནས་ཚ་མོ་བསུས་གྲབས་རེད་འདུག སྐབས་འཁེལ་བ་ཞིག་ལ་རུ་མི་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི“སྦྱིན་བདག”བསམ་གྲུབ་ལ་བཅར་འདྲི་བྱེད་སྐབས་ཁོང་ཡང་རྫོང་ཆ་ཚང་སློབ་ཆུང་ནས་ཚ་བོ་བསུས་ཙམ་རེད་འདུག
          ཧྲུའུ་ཅི་བཀྲ་ཤིས་ཀྱིས“ད་ལྟའི་གྲོང་མིས་རང་ཉིད་ཀྱི་བུ་ཕྲུག་གི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། གྲོང་མི་ལ་ལས་ད་དུང་རྫོང་དུ་ཁང་གླ་གླས་ནས་སློབ་གྲྭར་འགྲོ་མུས་ཀྱི་ཕྲུ་གུར་ཆེད་མངགས་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
          “སྒུག་རྟེན་སློང”གསུམ་དང“སྐབས་འཕྲལ་གྱི་བདེ་བར་ཞེན་ཆགས”ཀྱི་རྗེས་ལུས་བསམ་བློ་ནས“ལྟོ་གོས་འཛོམས་པོ་དང་། གཟི་ཁྲེལ་ཤེས་པ། སྔོན་ཐོན་བརྩོན་ལེན”བཅས་ཀྱི་སྣང་ཚུལ་ཟབ་མོ་ཆགས་པའི་བར“རུ་མི་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་དངོས་པོའི་དཔལ་ཡོན་འཛུགས་སྐྱོང་གཉིས་པོ་གལ་ཆེ་མཉམ་དུ་བཞག་ནས་དམ་འཛིན་བྱེད་པ་དེ་འགག་རྩ་རེད”ཅེས་ཧྲུའུ་ཅི་ཀྲའེ་གོ་ཏུང་གིས་བརྗོད།
          “གྲོང་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རིང་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་དབར་གཞོགས་འདེགས་ཡག་པོ་བྱས་ཡོད”ཅེས་ཧྲུའུ་ཅི་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་གྲོང་མིའི་ཁྲོད་སྒེར་ཕན་རིང་ལུགས་ལྡན་པ་དང་བཅའ་ཁྲིམས་འདུ་ཤེས་ཞན་པ་སོགས་ཀྱི་གོམས་གཤིས་ངན་པར་དམིགས་ཏེ་ཐད་ཀར་སློབ་གསོ་རྒྱག་པ་དང་། དཔེ་མཚོན་དྲངས་པ། ཞིང་ནང་དང་མུ་ཁ་དང་དུད་ཚང་དུ་སྐྱོད་པ་སོགས་བྱེད་སྟངས་མང་པོ་སྤྱད་པའི་ཁར། འབྲེལ་ཡོད་ཀྱི《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང》ཤེས་བྱ་དྲིལ་བསྒྲགས་བྱས་པ། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་པར་ཀུན་སྤྱོད་ལ་སྣང་ཆེན་དང་ཀུན་སྤྱོད་སྲུང་དགོས་པའི་སློབ་གསོ་བརྒྱབ་པ་དང་། རྒྱ་ཆེའི་མང་ཚོགས་ཁྲོད་གཙོ་གནད་ཐོག་ཚན་རིག་ལ་བརྩི་མཐོང་དང་ཡུལ་སྲོལ་གོམས་གཤིས་ཀྱི་སློབ་གསོ་བཏང་བ། “སྐར་བཅུའི་དཔེ་བཟང་དུད་ཚང”གི་དཔྱད་འདེམས་བྱེད་སྒོ་སྤེལ་བ་དང་འབྲེལ། ཐོབ་པའི་གཟེངས་རྟགས་སྒོ་ཐོག་ཏུ་བཀལ་ནས་མིག་དཔེ་དང་དཔེ་སྟོན་ནུས་པ་ཤུགས་ཆེན་ཐོན་པ་བྱས་ཏེ་གྲོང་པ་ཁྱིམ་མཚེས་དབར་མཐུན་སྒྲིལ་དང་། ཁྱིམ་ཚང་འཆམ་མཐུན། དབུལ་སྐྱོར་དཀའ་སེལ། ཞི་མཐུན་མཉམ་གནས་བཅས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཟབ་མོ་ཞིག་ཆགས་ཡོད།
          གྲོང་ཚོ་ཨུ་ལྷན་དང་ནགས་སའི་དབར་རྒྱ་ཁྱོན་མུའུ་བཅུ་ལྷག་ཙམ་དང་། ཁོད་སྙོམས་ཟིན་པ། ར་སྐྱོར་བསྐོར་ཟིན་པའི་ས་ཆ་ཞིག་ཡོད།
          “ས་ཆ་ཉིན་བཞིན་གོང་ཆེ་རུ་འགྲོ་བའི་རུ་མི་གྲོང་ཚོར་ཆ་མཚོན་ན། ས་ཆ་དེར་གྲོང་ཚོའི་བུ་བཅོལ་ཁང་དང་། རིག་གནས་ས་ཚིགས། ཐང་ཆེན་སོགས་བསྐྲུན་རྒྱུ་རེད། རྣམ་གྲངས་རེ་ཞུ་བྱེད་བཞིན་ཡོད་པས་རྣམ་གྲངས་དེ་དག་དོན་འཁྱོལ་བྱུང་རྗེས་རུ་མི་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་འགྲོ་སྲིད”ཧྲུའུ་ཅི་བཀྲ་ཤིས་རྒན་ཡོལ་ཞུ་བའི་ལོ་ཚད་དུ་སླེབས་ནའང་རུ་མི་གྲོང་ཚོའི་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716