སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ་མ་ཟད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་ཡོད་པ།
སྤེལ་དུས། 2017-07-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྒྱལ་མཚན་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་༧་པའི་ཚེས་༡༨་ཉིན་ནས་༢༤ཉིན་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་ནས་ཆོས་ལུགས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
          ཉིན་འགའི་ནང་དུ་པཎ་ཆེན་རིན་པོ་ཆེ་མཆོག་སྔ་ཕྱིར་སྐྱེ་དགུ་དགོན་པ་དང་། དགོན་གསར་དགོན་པ། སྐུ་འབུམ་བྱམས་པ་གླིང་། མཚོ་སྔོན་པོ། ཚྭ་ཁ་མཚེའུ་སོགས་སུ་ཆིབས་བསྒྱུར་གནང་བ་དང་། དགོན་སྡེར་མཆོད་མཇལ་གནང་བ་དང་། བཀའ་ཆོས་དང་ཕྱག་འགྱེད་གནང་བ་ཡིན་ལ། དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་མཇལ་ཁ་གནང་བ་རེད། དེ་མ་ཟད་ད་དུང་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་གནང་བ་དང་ལྷན་ཅིག མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣ་རྣམས་དང་བཞུགས་མོལ་གནང་བ་རེད།
          ཁོང་ཉིད་ཕེབས་པའམ་ཞབས་སོར་འཁོད་མྱོང་བའི་གནས་རེ་རེ་ནས་ས་གནས་དེ་གའི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་མཛད་སྒོ་དང་མི་རིགས་ཀྱི་དམངས་སྲོལ་བྱེད་སྒོ་སྤེལ་ནས་ཁོང་ཉིད་ཕེབས་པར་དགའ་བསུའི་མཛད་སྒོ་རྒྱ་ཆེན་ཞུས་ཡོད་ཅིང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་དགེ་འདུན་པའི་སྣེ་འཁྲིད་ནས་ཞལ་འདོན་གནང་། འཛམ་གླིང་ཞི་བདེ་ཡོང་བ་དང་། རྒྱལ་ཁབ་བདེ་ཞིང་དམངས་རྣམས་སྐྱིད་པ། ཆར་ཆུ་དུས་ལྟར་འབབ་པ། ལོ་ཆུ་ལམ་ལྷོངས། འགྲོ་བ་ཐམས་ཅད་བདེ་ལ་འཁོད་པ་བཅས་ཀྱི་སྨོན་ལམ་ཆེན་མོ་བཏབ་གནང་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཟིགས་སྐོར་གནང་སྐབས། པཎ་ཆེན་མཆོག་གིས་སློབ་མ་རྣམས་ཀྱིས་སློབ་སྦྱོང་གི་གོ་སྐབས་སྤྱད་ནས་ཐོས་པ་སློབ་གཉེར་གང་ལེགས་ཀྱིས་སྤྱི་ཚོགས་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་འདུན་པ་ཞིག་བྱེད་པ་རྒྱུན་འཁྱོངས་སྒོས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་ཡོང་བ་བཅས་ཀྱི་ཐད་ལ་ཧུར་བརྩོན་རང་བཞིན་གྱིས་མཛད་རྗེས་འབུལ་བར་སྣེ་འཁྲིད་བྱེད་དགོས་ཞེས་སྐུལ་ལྕག་གནང་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ལས་རིགས་ཁག་གི་འབྲེལ་ཡོད་མི་སྣར་བཞུགས་མོལ་གནང་སྐབས། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཁོ་ཚོའི་གཏམ་བཤད་ལ་གསན་པ་དང་། མཚོ་སྔོན་གྱི་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཁག་གི་མི་སྣས་ཆོས་ལུགས་ཁྱབ་ཁོངས་དང་ཞི་མཐུན་ཡོང་བའི་སྲུང་སྐྱོང་མཛད་རྗེས་ཐད་བསྟོད་བསྔགས་གནང་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་རྣམས་ཀྱིས་རང་དཔེ་གཞན་སྟོན་ལ་བརྟེན་ནས་རྒྱ་ཆེའི་དགེ་འདུན་པ་དང་བཙུན་མ་རྣམས་ལ་སློབ་གསོས་བློ་འགུག་དང་ཤུགས་རྐྱེན་ཐེབས་སུ་འཇུག་དགོས་ཤིང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་ཏེ། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འོས་འཚམ་ཡོང་བར་ནུས་པ་འདོན་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716