སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བླ་བྲང་བོད་རིག་པའི་མཐོ་རིམ་བགྲོ་གླེང་སྐབས་དང་པོས་བསང་ཆུ་རྫོང་གི་སྐྱེ་ཁམས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲིས་ཆེན་པོ་བྱུང་།
སྤེལ་དུས། 2017-08-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པདྨ་ཚེ་རིང་གིས་བསྒྱུར།

པར་རིས་ནི་བླ་བྲང་བོད་རིག་པའི་མཐོ་རིམ་བགྲོ་གླེང་སྐབས་དང་པོའི་མཁས་པའི་མཉམ་པར་ཡིན།
          ཟླ་༨པའི་ཚེས་༨ཉིན་གྱི་ཕྱི་དྲོ་བླ་བྲང་བོད་རིག་པའི་མཐོ་རིམ་བགྲོ་གླེང་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ནས་མཇུག་བསྡུས།  
          ཐེངས་འདིའི་བགྲོ་གླེང་ནི་ཀྲུང་གུང་བསང་ཆུ་རྫོང་ཨུ་དང་བསང་ཆུ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གིས་རོགས་སྒྲུབ་མཛད།  དེ་ཡང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན།  ལན་གྲུ་སློབ་ཆེན།  བོད་ལྗོངས་སློབ་ཆེན། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་སོགས་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་ནས་སླེབས་པའི་མཁས་པ་༦༠ལྷག་གིས་རྒྱུད་གཅིག་ལམ་གཅིག་གི་མཐོང་ལམ་ན་གནས་པའི་བླ་བྲང་གི་ཡུལ་སྐོར་རིག་གནས་དང་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཀྱི་བླ་བྲང་རིག་གནས་སོགས་བརྗོད་གཞི་བྱས་ཏེ་བགྲོ་གླེང་གནང་ཞིང་བླ་བྲང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བར་ཐབས་ཤེས་བློ་བཀོད་བཏོན།
          བགྲོ་གླེང་སྟེང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྔོན་མ་དོན་གྲུབ་དབང་འབུམ་ལགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་སྐུ་གཞོན་སྔོན་མ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་སོགས་མཁས་པ་དགུས་སོ་སོ་ནས་བླ་བྲང་བོད་རིག་པའི་ཞིབ་འཇུག་དང་། བླ་བྲང་སྐྱེ་ཁམས་ཡུལ་སྐོར་ཞིབ་འཇུག  བླ་བྲང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ནང་དོན་བྱས་ཏེ་སྙན་ཞུ་ཕུལ།
པར་རིས་ནི་བགྲོ་གླེང་གི་ཡུལ་དངོས་ཡིན།
          བླ་བྲང་བོད་རིག་པའི་མཐོ་རིམ་བགྲོ་གླེང་སྐབས་དང་པོ་ནི་བླ་བྲང་རིག་གནས་གཙོ་བོར་བཟུང་སྟེ་བསྒྲུབས་ཡོད་པས་འདི་ལ་བརྟེན་ནས་བསང་ཆུ་རྫོང་གི་སྐྱེ་ཁམས་དང་།  རིག་གནས།  ཡུལ་སྐོར་བཅས་ཕན་ཚུན་མཉམ་འདྲིས་ཆེན་པོ་བྱུང་ཞིང་རིག་གནས་ཐོན་ལས་རྒྱ་ཆེར་སྤེལ་ནས་རིག་གནས་གང་དེར་སྟོབས་ཤུགས་ཆེན་པོ་ལྡན་པར་འགྱུར། རིག་གནས་ཀྱིས་མང་ཚོགས་ཕྱུག་འགྱུར་བྱུང་ཞིང་རིག་གནས་ཀྱིས་རྫོང་ཡོངས་ཕྱུག་འགྱུར་ཡོང་ཐུབ། དེ་དང་ཆབས་ཅིག་བསང་ཆུ་རྫོང་གི་བོད་རིག་པ་དང་།  དམངས་སྲོལ་རིག་གནས།  ཡུལ་སྐོར་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པ་མངའ་བ་དེ་ཀུན་ཕྱི་རུ་ངོམ་ཆོག་ཅིང་བླ་བྲང་རིག་གནས་ཞིབ་འཇུག་གི་གནས་བབ་གསར་པ་སྐུལ་འདེད་ཆེན་པོ་བཏང་སྟེ་མི་རིགས་ས་ཁུལ་གྱི་འབྲེལ་འདྲིས་འཕེལ་རྒྱས་སྔར་བས་ཇེ་མགྱོགས་སུ་གཏོང་ཐུབ། 
          བསང་ཆུ་རྫོང་ནི་མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་སུ་ཆགས་པ་ཡིན་ལ་ཏའོ་ལུགས་དང་།  རྒྱ་བརྒྱུད་ནང་བསྟན།  བོད་བརྒྱུད་ནང་བསྟན།  དབྱི་སི་ལམ་སོགས་མི་རིགས་སོ་སོའི་ཆོས་ལུགས་ཀྱི་འབྲེལ་མཚམས་ཤིག་ཀྱང་ཡིན་པས་རིག་གནས་སྣ་མང་གི་ཁྱད་ཆོས་ཀུན་ནས་འཛོམས། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དབྱང་ཧྲི་ཧོང་ལགས་ཀྱིས་སྤྲད་པའི་དཔྱད་རྩོམ་«ལྷོ་ནུབ་དར་གོས་ཚོང་ལམ་འབྲེལ་མཚམས་ཀྱི་མུ་ཏིག་ཆུན་པོ་སྟེ་བླ་བྲང་»ཞེས་པར་བསང་ཆུ་རྫོང་ནི་ཧན་རྒྱལ་རབས་སྐབས་སུ་པེ་ཧྲི་རྫོང་ཁོངས་སུ་གཏོགས་པ་དང་ཀྲང་ཆན་གྱིས་ནུབ་ཡུལ་དུ་ལམ་ཁ་གཏོད་རྗེས་བཀག་རྐྱེན་ལོ་བཅུར་ཤོར་ཏེ་ཕྱིར་དབུས་ཁུལ་དུ་བསྐྱོད་པའི་དར་གོས་ཚོང་ལམ་གྱི་དཀྱིལ་ལམ་དེ་ཡིན་ལ། རྨ་ནུབ་དོག་ལམ་གྱི་དར་གོས་ཚོང་ལམ་བྱང་མའི་ལམ་དང་མཉམ་དུ་ནུབ་ཡུལ་གྱི་ས་ཆ་སོ་སོར་བསྐྱོད་ཆོག བསང་ཆུ་རྫོང་གི་སྲིད་འཛིན་ལམ་ལུགས་བཙུགས་པའི་དུས་ཡུན་ལོ་ངོ་བརྒྱ་ཡང་འགོར་མེད་ཀྱང་བླ་བྲང་ནི་ཨ་མདོ་ས་ཁུལ་གྱི་ཆོས་ལུགས་རིག་གནས་ཀྱི་ལྟེ་བ་ཡིན་པ་མ་ཟད་དར་གོས་ཚོང་ལམ་བརྒྱུད་དེ་བོད་བརྒྱུད་ནང་བསྟན་རིག་གནས་ཤིན་ཅང་གི་ཨར་ལི་ཐེ་ས་ཁུལ་དུ་ཁྱབ་ཅིང་ཤར་ཕྱོགས་སུ་ལོག་པའི་སོག་པོ་རྣམས་བདེ་བར་སྡོད་ཅིང་མཐའ་མཚམས་བརྟན་སྲུང་གི་ཕྱོགས་ལ་བྱས་རྗེས་འབུར་དུ་ཐོན་པ་བླངས། བསང་ཆུ་རྫོང་གིས་བླ་བྲང་དགོན་པའི་དཔལ་འབྱོར་མ་ལག་གི་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ནས་དེང་རབས་ཀྱི་དོན་སྙིང་གིས་ཕྱུག་པའི་ཚོང་ལས་སྲང་ལམ་དང་གྲོང་ཁྱེར་གྱི་སྡོད་དམངས་རིམ་གྲས་བྱུང་།  དེང་རབས་འཁལ་འཐག་ལས་རིགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ནས་བསང་ཆུ་རྫོང་ནི་ནུབ་རྒྱུད་ས་ཁུལ་གྱི་འབྲོག་ལས་ཐོན་རྫས་ཀྱི་འཁོར་བསྐྱོད་ལྟེ་གནས་སུ་གྱུར་ཡོད་ལ།  གནའ་བོའི་དར་གོས་ཚོང་ལམ་སོགས་ལམ་ཁ་མང་པོ་བརྒྱུད་ནས་བལ་པགས་དང་ཁྱད་ཐོན་དངོས་རྫས་སོགས་ཧྲང་ཧེ་དང་ཐེན་ཅིན་སོགས་སུ་བསྐྱལ་བཞིན་ཡོད་ལ།  དེས་མི་རིགས་ས་ཁུལ་གྱི་ཚོང་ལས་ལ་སྐུལ་འདེད་གནང་སྟེ་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་ལ་སྐུལ་མ་བཏང་ཡོད།
པར་རིས་ནི་ཆེད་མཁས་པས་བགྲོ་གླེང་གནང་བཞིན་པའི་ཚུལ་ཡིན། 
          ལན་གྲུ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་ལིག་ཅུན་ཅོན་ལགས་ཀྱིས་“བླ་བྲང་གི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས་དེང་སྐབས་ཀྱི་ཞིབ་འཇུག་པས་མི་ཚེ་གང་པོར་ཞིབ་འཇུག་བྱས་ཀྱང་རྫོགས་མཐའ་བྲལ་བ་ཞིག་ཡིན།  ང་ཚོ་ད་ཐེངས་བླ་བྲང་དུ་སླེབས་པས་བླ་བྲང་གི་རིག་གནས་མིག་མཐོང་ལག་ཟིན་དུ་གྱུར་ཅིང་རྒྱ་བོད་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བའང་མཐོང་སོང་”ཞེས་གསུངས། 
          ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེང་རབས་ཆབ་སྲིད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ་ཏུའུ་ཡོང་པིན་ལགས་ཀྱིས་“དེང་སྐབས་ཨ་མདོའི་བོད་བརྒྱུད་ནང་བསྟན་དེ་དེང་རབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འཚམས་པས་སྲོལ་རྒྱུན་གྱི་བོད་བརྒྱུད་ནང་བསྟན་ནས་དེང་རབས་ཀྱི་བོད་བརྒྱུད་ནང་བསྟན་དུ་གྱུར་འདུག  འདི་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག  རིག་གཞུང་པའི་སྡེ་ནས་སྲོལ་རྒྱུན་གྱི་ཨ་མདོའི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་ཀྱང་དེང་རབས་ཀྱི་ཨ་མདོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་གི་ཕྱོགས་ནས་ད་དུང་མི་འདང་བའི་ཆ་ཡོད”ཅེས་སྙམ། 
          ཀན་སུའུ་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་ཚེ་རིང་དོན་འགྲུབ་ལགས་ཀྱིས་“བླ་བྲང་དགོན་པ་དང་བླ་བྲང་ས་ཁུལ་ནི་ལོ་རྒྱུས་ཁྲོད་དུ་ཨ་མདོའི་རིག་གནས་ཀྱི་ལྟེ་བ་རུ་གྱུར་ཡོད།  གནས་འདི་ནས་མཁས་པ་མང་ཞིང་རིམ་པ་མཐོ་བའི་བོད་རིག་པའི་བགྲོ་གླེང་འདི་ལྟ་བུ་འཚོགས་ཐུབ་པ་དེས་རིག་གནས་དང་། དཔལ་འབྱོར། ཆབ་སྲིད་བཅས་ལ་དོན་སྙིང་གལ་ཆེན་ལྡན་ངེས”ཞེས་གསུངས།  
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716