སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཟི་ཚ་སྡེ་དགུའི་ས་ཡོམ་ཁྲོད་མི་19གྲོངས་པ་དང་མི་263ལ་རྨས་སྐྱོན་ཕོག་ཡོད་པ།
སྤེལ་དུས། 2017-08-11   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          ཟླ་8ཚེས་8ཉིན། སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་རིམ་པ་7.0བྱུང་རྗེས། འབྲེད་ཡོད་ཕྱོགས་ཀྱིས་འཕྲལ་མར་འཕྲལ་སྡོམ་ཉེན་བརྡའི་ལམ་སྲོལ་ལག་ལེན་བསྟར་ནས་དུས་ཐོག་ཏུ་མྱུར་སྐྱོབ་དང་ལས་ཕྱོད་མྱུར་པོ་ཡོང་བར་བྱས་པས། ད་ལྟ། རྨས་མ་སྨན་བཅོས་དང་། ཁྱིམ་མིར་སེམས་གསོ། འཇུག་སྐྱོང་གི་ལས་དོན་བསྒྲུབ་པ་སོགས་སྔར་བཞིན་ཛ་དྲག་དང་གོ་རིམ་ལྡན་པར་སྤེལ་བཞིན་ཡོད་པ་རེད།
          ཟླ་8ཚེས་9ཉིན་གྱི་ཆུ་ཚོད་18དང་སྐར་མ་25བར་དུ། ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད། ས་ཡོམ་ཀྱི་གནོད་འཚེའི་ཁྲོད་མི་19གྲོངས་པ་དང་། མི་263ལ་རྨས་སྐྱོན་ཕོག་པ། དེའི་ནང་མི་10ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་(མི་3ལ་རྨས་ཧ་ཅང་ཆེན་པོ)བྱུང་ཡོད་པ་རེད། གཙོ་ཚང་དགོན་ནས་གཟི་ཚ་སྡེ་དགུ་བར་གྱི་གཞུང་ལམ་ལ་གནོད་སྐྱོན་བྱུང་ཡོད་པའི་ལམ་ཐིག་ཧྲིལ་པོ་སླར་གསོ་ཤར་གཏོང་བྱུང་བ་དང་། གཙོ་ཚང་དགོན་ནས་ཡོམ་གནས་གཙང་རྩ་གྲོང་རྡལ་བར་དུ་མྱུར་སྐྱོབ་བགྲོད་ལམ་ཞིག་སླར་གསོ་ཐུབ་ཡོད་པ་རེད། མྱུར་སྐྱོབ་ཚོགས་པ་ད་དུང་ཅིའུ་ཧོང་གནམ་གྲུ་འབབ་ཐང་ནས་ཡོམ་གནས་ཀྱི་གཙང་རྩ་གྲོང་རྡལ་དུ་སྐྱོད་ཆོག་པ་རེད།
          ས་ཡོམ་བྱུང་རྗེས། ནུབ་རྒྱུད་འཐབ་ཁུལ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེ་མེ་གསོད་མེ་འགོག་སྡེ་ཚན་བཅས་ཀྱིས་འཕྲལ་མར་མི་སྣ་མངགས་གཏོང་དང་། འཕྲུལ་འཁོར་དང་གནམ་གྲུ་སོགས་བཏང་ནས་མཚན་མོར་བསྟུད་ནས་མྱུར་སྐྱོབ་ལས་དོན་སྤེལ་བ་རེད།
          རྒྱལ་ཁབ་བདེ་འཇགས་ལྟ་ཞིབ་སྤྱི་ཁྱབ་ཅུད་ཀྱིས་ཀོང་ཡོན་སོགས་ས་ཁུལ་གྱི་ཉེན་མེད་ཐོན་སྐྱེད་འཕྲལ་སྡོམ་མྱུར་སྐྱོབ་རུ་ཁག་ལྔ་བསྡུ་རུབ་བྱས་ཏེ་ཚེ་སྲོག་ལྟ་ཞིབ་འཕྲུལ་ཆས་དང་། མི་མེད་གནམ་གྲུ། ལྗིད་འདེགས་ཡོ་བྱད་སོགས་པའི་སྒྲིག་ཆས་འཁྱེར་ནས་གེགས་ཁུལ་དུ་བསྐྱོད་པ་རེད།
          ནོར་སྲིད་པུའུ་དང་དམངས་སྲིད་པུའུ་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་ལ་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ནས་གནོད་འཚེ་བྱུང་བའི་མང་ཚོགས་ཀྱི་འཕྲལ་སྡོམ་གནས་སྤོ་བདེ་འཁོད་དང་བར་བརྒལ་དུས་ཀྱི་འཚོ་བའི་རོགས་སྐྱོར་སོགས་ལ་བཏང་བ་རེད།
          རྒྱལ་ཁོངས་ཐོན་ཁུངས་མ་ལག་གིས་ཚེས་9ཉིན་གཟི་ཚ་སྡེ་དགུའི་ས་ཡོམ་ལ་གཞིགས་ནས་Ⅲརིམ་པའི་འཕྲལ་སྡོམ་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་རེད། རྒྱལ་ཁབ་གནམ་གཤིས་སྲུང་སྐར་ལྟེ་གནས་ཀྱིས་Ⅲརིམ་པའི་འཕྲལ་སྡོམ་ཀྱི་ཚུལ་དུ་ཞུགས་ཏེ་ས་ཡོམ་གྱི་གནོད་འཚེར་གཞིགས་ཏེ་ས་གཤིས་ཀྱི་གནོད་འཚེ་དང་གནམ་གཤིས་འཕྲལ་སྡོམ་ཉེན་བརྡ་ཞིབ་ཚགས་སུ་གཏོང་ཐབས་སྤེལ་འགོ་ཚུགས་ནས་ས་གཤིས་ཀྱི་གནོད་འཚེའི་སྔོན་བརྡ་གཏོང་ཚུལ་ཤུགས་ཆེར་བཏང་བ་དང་། དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་སྤེལ་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716